[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཞིང་ལས(སར་པི་ཡ)འགྲེམས་སྟོན་ཚོགས་འདུས་ཕྱོགས་གཉིས་ཀྱི་ཞིང་ལས་མཉམ་ལས་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཤིན་ཧྭ་གསར་འགྱུར་ཁང་སར་པི་ཡའི་གྲོང་ཁྱེར་ནུའོ་ཝེ་ས་ཏེ་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། “ཀྲུང་གོ་ཞིང་ལས(སར་པི་ཡ)འགྲེམས་སྟོན་ཚོགས་འདུ་དང‘རྒྱུད་གཅིག་ལམ་གཅིག’གི་སྣོད་བཅུད་ཞིང་ལས་དང་བཟའ་བཅའི་བདེ་འཇགས་གླེང་སྟེགས་ཏེ། 2017ལོའི་དར་གོས་ལམ་བུའི་བྱ་སྤྱོད”ཅེས་པ་ཚེས་16ཉིན་སར་པི་ཡའི་བྱང་རྒྱུད་གྲོང་ཁྱེར་ནུའོ་ཝེ་ས་ཏེའི་འགྲེམས་སྟོན་ལྟེ་གནས་སུ་འགོ་ཚུགས་པ་དང་ཀྲུང་གོའི་ཞིང་ལས་ཁེ་ལས་མང་པོ་ཞིག་འགྲེམས་སྟོན་ནང་ཞུགས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་རླུང་ཕྱོགས་དང་བསྟུན་ནས་སར་པི་ཡའི་ཁྲོམ་ར་གསར་འབྱེད་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་རེད།

    སར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བའི་འཐུས་ཚབ་ཐན་དབྱི་ཧྲུའུ་ཡིས་དེ་ཉིན་གྱི་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ནང་ཀྲུང་སར་རྒྱལ་ཁབ་གཉིས་པོའི་ཞིང་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཡོད། ཀྲུང་གོ་ནི་ཞིང་ལས་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པ་དང་སར་པི་ཡར་རང་བྱུང་ཆ་རྐྱེན་ལེགས་པས་རྒྱལ་ཁབ་གཉིས་པོའི་ཞིང་ལས་མཉམ་ལས་ཀྱི་ལེགས་ཆ་གསབ་རེས་བྱེད་པའི་མདུན་ལམ་ཡངས་པོ་ཡོད་ཅེས་བཤད་པ་རེད། ཐན་དབྱི་ཧྲུའུ་ཡིས་ཀྲུང་སར་རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་ཞིང་ལས་མཉམ་ལས་ཁྱབ་ཁོངས་ནང་ཚད་བརྒལ་གསར་པ་ཡོང་རྒྱུའི་བརྩོན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་པ་རེད།

    སར་པི་ཡའི་ཞིང་ལས་དང་ཁོར་ཡུག་སྲུང་སྐྱོང་ཐད་ཀྱི་འགན་འཁུར་བ་རིའར་ཁེ·ལ་ཏུའོ་སའེ་ཝེ་ཆིས་སར་པི་ཡའི་འཐབ་ཇུས་གཙོ་བོའི་དམིགས་ཚད་ནི་ཀྲུང་གོའི་འབྲེལ་ཡོད་སྒྲིག་གཞི་དང་མཉམ་ལས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ཀྲུང་གོར་ཞིང་ལས་ཐོན་ཟོག་ཕྱིར་གཏོང་བྱེད་པའི་ཚད་གཞི་དང་མཐུན་པ་བྱ་རྒྱུ་དེ་ཡིན་པ་དང་། དེ་ནས་སར་པི་ཡའི་བཟའ་བཅའི་ལས་སྣོན་ཐོན་ལས་ནང་ཀྲུང་གོའི་མ་འཇོག་མཁན་ཞུགས་རྒྱུའི་ཡིད་དབང་འགུག་པ་དང་ཀྲུང་གོའི་དེང་རབས་ཞིང་ལས་ལག་རྩལ་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུ་དེ་ཡིན་ཞེས་བཤད་པ་རེད།

    སར་པི་ཡར་ལོ་བཅུ་ལྷག་ཙམ་ཚོང་གཉེར་བྱེད་པའི་ཀྲུང་གོའི་དབྱི་ཐུའོ་ཚོགས་པས་ལོ་ལྟར་ཞིང་ལས་འགྲེམས་སྟོན་ནང་ཞུགས་ཆེད་གྲ་སྒྲིག་གང་ལེགས་བྱེད་ཀྱི་ཡོད། ཀྲུང་གོའི་དབྱི་ཐུའོ་ཀུང་སིའི་ཤི་པའར་ཀན་ས་ཁུལ་གྱི་ཚོང་གཉེར་སྤྱི་ཁྱབ་ལྟ་ཞིབ་པ་ཞུས་ལི་ཡིས་ཞིང་ལས་འགྲེམས་སྟོན་དེ་ནི་ཡུལ་དེ་གའི་ཞིང་པའི་དུས་ཆེན་དང་འདྲ་པོ་ཡོད། གཅིག་ནས་ཐོན་ཟོག་བྲིན་ཚོང་བྱེད་ཆོག་ལ་སྤྱོད་མཁན་དང་སྤེལ་རེས་བྱེད་པའི་ཐབས་ལམ་བཟང་པོ་ཞིག་ཀྱང་ཡིན་པས་ངོ་འཕྲད་བྱས་ནས་སྤྱོད་མཁན་གྱི་གནད་དོན་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད།

    དབྱི་ཐུའོ་འདྲུད་འཐེན་འཁོར་ལོ་ཐོག་མར་སར་པི་ཡའི་ཁྲོམ་རའི་ཐོག་བྲིན་ཚོང་བྱེད་པ་ནས་དེ་རྗེས་ཐོན་ཟོག་ཐོན་སྐྱེད་སྒྲུབ་རིམ་གྱི་ལྷུ་སྒྲིག་བྱེད་ཡུལ་བཙུགས་ནས་ལོ་བཅུ་ལྷག་ཙམ་རིང་སྙན་གྲགས་དང་ཁྲོམ་རའི་ཐོག་ཁས་ལེན་བྱེད་ཚད་མཐོ་རུ་ཕྱིན་ཡོད། དེའི་ཁྱབ་ཚད་ཀྱིས་ལོ་རེའི་བྲིན་ཚོང་བྱེད་ཚད་ཀྱང་མི་དམན་པ་ཞིག་ཡོད། མ་འོངས་པའི་འཆར་གཞིའི་སྐོར་གླེང་སྐབས་ཞུས་ལི་ཡིས་ཀྲུང་སར་རྒྱལ་ཁབ་གཉིས་པོའི་ཞིང་ལས་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་སྦྲགས་དབྱི་ཐུའོ་ཚོགས་པས་གཞི་ཁྱོན་ཆེ་རུ་དང་ཐོན་ཟོག་མང་དུ་བཏང་སྟེ་ཕྱི་རྒྱལ་དུ་ཉོ་སྒྲུབ་ལས་སྟེགས་བཏོད་ནས་སར་པི་ཡའི་ཁྲོམ་ར་བརྒྱུད་ཡོ་རོབ་ཏུ་རིམ་བཞིན་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཞིས་བཤད་པ་རེད།

    ཧྲི་ཅ་ཀྲོང་ཧུང་ཏེ་ཧྥ་འཕྲུལ་ཆས་ཚད་ཡོད་ཀུང་སི་ནི་སར་པི་ཡའི་ཁྲོམ་རར་ཞུགས་ཐེངས་དང་པོ་ཡིན་པ་དང་ཅིང་ལི་ཀུའོ་ཧུའེ་ཞན་གྱིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། ད་ཐེངས་ཀྱི་འགྲེམས་སྟོན་དེ་ནི་སར་པི་ཡར་ལས་སྒོ་སྤེལ་བའི་གོ་སྐབས་བཟང་པོ་ཞིག་ཡིན། “ངས་ཀུང་སིར་སར་པི་ཡར་དོན་གཅོད་ཁྲུའུ་འཛུགས་དགོས་པའི་གྲོས་འགོ་འདོན་རྒྱུ་ཡིན། ཕྱིས་འབྱུང་སར་པི་ཡར་ཐོན་ཟོག་ཐོན་སྐྱེད་སྒྲུབ་རིམ་མམ་ཡང་ན་བཟོ་གྲྭ་བཙུགས་ནས་མ་རྨོས་ལོ་ཏོག་དང་གྲོ་ལས་སྣོན་བྱ་རྒྱུའི་བསམ་གཞིག་བྱེད་ཆོག”ཅེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་84པའི་སར་པི་ཡའི་རྒྱལ་སྤྱིའི་ཞིང་ལས་འགྲེམས་སྟོན་ཚོགས་འདུའི་ཆ་ཤས་ཤིག་ཡིན་པའི་ཀྲུང་གོའི་ཞིང་ལས(སར་པི་ཡ)འགྲེམས་སྟོན་ཚོགས་འདུའི་ནང་ཞུགས་མཁན་ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་8ཀྱི་ཁེ་ལས་40ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།