[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལྟོ་ཐེངས་གཅིག་ཟ་ཁང་བཞི་རུ་ཟ་བ།

    སུའེ་ཙེར་གྱི་གྲོང་རྡལ་ཆུང་ངུས་ཡུལ་སྐོར་བའི་ཡིད་དབང་འགུགས་པའི་ཐབས་མཆོག་བཏོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཉེ་ཞའོ་དབྱང་།    |    སྤེལ་དུས།   2018-01-14

    ཉེ་ཆར་གསར་འགོད་པ་དང་བཅས་པ་སུའེ་ཙེར་གྱི་དབྱི་ཐ་ལིའི་སྐད་སྤྱོད་ཁུལ་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ལུའུ་ཅ་ནོ་གྲོང་ཁྱེར་དུ་ལྟ་སྐོར་བྱེད་པར་བསྐྱོད་པ་ཡིན། སུའེ་ཙེར་གྱི་འཇར་མན་གྱི་སྐད་སྤྱོད་ཁུལ་ཡིན་པའི་སུའུ་ལི་ཧྲི་གྲོང་ཁྱེར་དང་ཧྥ་རན་སེའི་སྐད་སྤྱོད་ཁུལ་གྲོང་ཁྱེར་རེ་ནེ་ཝ་དང་འདྲ་བར་ལུའུ་ཅ་ནོ་གྲོང་ཁྱེར་ནི་དངུལ་རྩའི་ལྟེ་གནས་དང་ཚོགས་འགྲེམས་ཚོང་དོན་ལྟེ་གནས་ཀྱི་གྲོང་ཁྱེར་གལ་ཆེན་ཞིག་རེད་ལ་གང་ས་ནས་མཚོ་མོ་དྭངས་ལ་རི་བོ་སྔོ་བ་དང་འདབ་ཆགས་ཀྱི་སྐད་སྙན་འབྱིན་ཞིང་མེ་ཏོག་གི་དྲི་ཞིམ་འཐུལ་བའི་སྤྱི་གླིང་རྣམ་པའི་གྲོང་རྡལ་ཆུང་ངུ་ཞིག་ཀྱང་རེད།

    དེ་ཁུལ་གྱི་ཁྱད་ཆོས་ཆེ་ཤོས་གང་རེད་དམ་ཞེས་འདྲི་སྐབས་ས་གནས་དེ་གའི་ཡུལ་སྐོར་ཅུས་ཀྱི་སྣེ་ཤན་པ་སའེ་ཤིས་ལི་ཡས་ཞིམ་ཟས་རེད་ཅེས་འཕྲལ་ཐག་ཆོད་པོས་ལན་བརྒྱབ་བྱུང་།

    ཁོ་མོས་ང་ཚོར་སུའེ་ཙེར་ཙམ་མ་ཟད། ཐ་ན་ཡོ་རོབ་ཏུ་མི་མི་ཉུང་བ་ཞིག་གིས་ཆེད་མངགས་ལུའོ་ཅ་ནོ་གྲོང་ཁྱེར་དུ་ཡོང་ནས་ས་ཆ་དེ་རང་དུ་མ་གཏོགས་མེད་པའི་ཞིམ་ཟས་ཟ་བར་ཡོང་གི་ཡོད། ཡུལ་སྐོར་བའི་བློ་ཡིད་སྔར་བས་ཡག་པོ་འགུགས་པ་དང་ཞབས་འདེགས་ཞུ་ཆེད་ས་གནས་དེ་གའི་ཡུལ་སྐོར་ཅུས་ཀྱིས“ལྟོ་ཐེངས་གཅིག་ཟ་ཁང་བཞི་རུ་ཟ་བའི”རྣམ་གྲངས་གསར་པ་འདོན་བཞིན་ཡོད་ཅེས་བརྗོད་ཀྱི་འདུག

    སའེ་ཤིས་ལི་ཡས་ཟ་ཁང་ཞིག་ལ་ཁྱད་ཆོས་གང་འདྲ་ལྡན་རུང་ལྟོ་ཐེངས་གཅིག་ལ་ཞིམ་ཟས་སྣ་ཁ་གཅིག་གཉིས་ལས་བཟའ་རྒྱུ་མེད། ཡུལ་སྐོར་བའི་ངོས་ནས་བརྗོད་ཚེ་ཞིམ་ཟས་ནི་ས་གནས་ཤིག་གི་སྲོལ་རྒྱུན་རིག་གནས་ཀྱི་མཚོན་བྱེད་རེད། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིམ་ཟས་དེ་བས་མང་བར་བྲོ་བ་བལྟ་བ་དང་དུས་མཚུངས་ཡུལ་སྐོར་བས་ས་གནས་དེ་གའི་རིག་གནས་ཤེས་རྟོགས་དང་རྒྱུས་མངའ་ཐུབ་ཤུགས་ཆེ་རུ་ཕྱིན་པས་ཡུལ་སྐོར་གྱི་ཉམས་ལེན་དེ་བས་མང་བ་ཐོབ་ཀྱི་ཡོད་ཅེས་བརྗོད་ཀྱི་འདུག

    ཁོ་མོས“ཡུལ་སྐོར་རྣམ་གྲངས་དེའི་གཞན་དང་མི་འདྲ་བའི་ས་ནི་སྣེ་ཤན་པའི་སྣེ་ཁྲིད་འོག་ཡུལ་སྐོར་བ་ཚོས་ཟ་ཁང་གཅིག་ཁོ་ནར་དགོང་ཟས་མི་ཟ་བར་ཟ་ཁང་མི་འདྲ་བ་བཞི་རུ་ལྟོ་ཆས་བཟའ་རྒྱུ་དེ་རེད”ཅེས་ངོ་སྤྲོད་བྱས་བྱུང་།

    དགོང་ཟས་ཟ་བའི་དུས་སུ་སླེབས་པས་ང་ཚོས་ངང་སྒུག་བྱེད་ལོང་མེད་པར་བྲོ་བ་བལྟ་རྒྱུའི་རེ་བ་བཏོན་པ་ཡིན། སའེ་ཤིས་ལི་ཡའི་སྣེ་ཁྲིད་འོག་ང་ཚོས་སྣེ་ཤན་པའི་ངོ་སྤྲོད་ཉན་པ་དང་དུས་མཚུངས་ཟ་ཁང་རེ་རེ་བཞིན་དུ་ཞིམ་ཟས་ཀྱི་བྲོ་བ་བལྟས་པ་ཡིན།

    ཟ་ཁང་དང་པོ་དེ་གྲོང་ཁུལ་རྙིང་པའི་འདུ་འཛི་ཆེ་ཤོས་ཀྱི་རྐང་ཐང་ཁྲོམ་གཞུང་དུ་གནས་འདུག དེ་གར་ང་ཚོས་ས་གནས་དེ་གའི་སྲོལ་རྒྱུན་གྱི་ཞོ་དང་། སྒོ་ང་བག་ལེབ། རྒྱུ་མ་བསྲེགས་མ་བཅས་ཀྱི་བྲོ་བ་མྱངས་པ་ཡིན། ཟ་ཁང་གཉིས་པ་དེ་གྲོང་ཁུལ་རྙིང་པའི་དབེན་ཞིང་འཇམ་པའི་ཟུར་ཞིག་ཏུ་གནས་འདུག དེ་གར་ང་ཚོས་ཧྥ་རན་སེའི་སྒོ་ང་བག་ལེབ་དང་། སི་ཕེན་གྱི་ཕག་ཉྭ་བསྙལ་མ་དང་སྦྲང་རྩི་ལས་བཟོས་པའི་བྲོ་བ་ཁྱད་མཚར་བའི་སིལ་ཟས་བཟས་པ་ཡིན། ཟ་ཁང་གསུམ་པ་དེ་ཁྲོམ་གཞུང་དཀྱིལ་གྱི་སྤྱི་གླིང་དུ་གནས་འདུག དེ་གར་ང་ཚོས་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཤ་ཚལ“མ་རྨོས་ལོ་ཏོག་དང་། ཤ་མོ། ཤྭ་བའི་ཤ། འབྲས་བཅས་མཉམ་དུ་བརྔོས་པའི་ཟས”ཀྱི་བྲོ་བ་བལྟས་པ་ཡིན། ཟ་ཁང་རེ་རེ་བཞིན་དུ་སླེབས་རིམ་བཞིན་གུས་ཞབས་ལྡན་པའི་ཞབས་ཞུ་བས་ཀྱང་ས་གནས་དེ་གའི་སྐད་གྲགས་ལྡན་པའི་རྒུན་འབྲུམ་ཨ་རག་འཁྱེར་ནས་ང་ཚོར་གདམ་ག་བྱེད་དུ་འཇུག་གི་འདུག

    མཐའ་མའི་སྤྲོ་སྣང་ཆེ་ཤོས་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་མཚེའུའི་ངོགས་སུ་ཆགས་པའི་སྒོ་རའི་རྣམ་པའི་ཟ་ཁང་ཞིག་ཏུ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་མཚོ་ཉའི་བྲོ་བ་བལྟ་རྒྱུ་དེ་རེད། ཉ་ཤ་དེ་སོས་པ་དང་བྲོ་བ་ཞིམ་པོ་ཡོད་པས་ཚང་མས་མགྲིན་གཅིག་ཏུ་བསྔགས་བརྗོད་བྱེད་ཀྱི་འདུག ཡིན་ནའང་འདི་གར་ཁྱད་ཆོས་ཆེ་ཤོས་ལྡན་པ་ནི་རྒུན་འབྲུམ་ནག་པོ་ལས་བསྙལ་བའི་རྒུན་འབྲུམ་ཨར་རག་དཀར་པོ་དང་སྟར་ཁ་ལས་བསྙལ་པའི་ཝུའེ་ཧྲི་ཁེ་ཨར་རག་རེད།

    “ལྟོ་ཐེངས་གཅིག་ཟ་ཁང་བཞི་རུ་ཟ་བའི” བྱ་ཐབས་འབྱུང་སྟངས་སྐོར་ལ་སའེ་ཤིས་ལི་ཡས་ཐེངས་ཤིག་ཁོ་མོའི་གྲོགས་མོ་ཞིག་ལུའུ་ཅ་ནོ་གྲོང་ཁྱེར་དུ་ཡུལ་སྐོར་དུ་ཡོང་སྐབས་ཞོར་དུ་ངའི་ཁྱིམ་དུ་མགྲོན་པོར་འབོད་པ་ཡིན། དགོང་ཟས་དེ་གྲ་སྒྲིག་བྱེད་ཆེད་ངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་ནས་སུའེ་ཙེར་གྱི་ཞིམ་ཟས་ཡོད་དོ་ཅོག་འབུལ་རྒྱུ་བྱུང་ན་སྙམ་བྱུང་། དགོང་ཟས་དེ་བཟས་རྗེས་ཁོ་མོར་གློ་བུར་དུ་བསམ་ཚུལ་ཞིག་འཆར་བ་སྟེ། གལ་ཏེ་གྲོང་ཁྱེར་དེ་རང་ཁྱིམ་ལྟ་བུར་བརྩིས་ཚེ་ཡུལ་སྐོར་བས་ཟ་ཁང་ཁག་གི་ཞིམ་ཟས་མང་པོ་ཞིག་མྱོང་རོལ་ཐུབ་པ་དེ་ཡིན། དེ་ནི་སྐུ་མགྲོན་གྱིས་རང་གི་ཕ་ཡུལ་ཉམས་ལེན་བྱེད་ཐབས་ཡག་ཤོས་དེ་ཡིན་ཤས་ཆེ་ཞེས་བརྗོད་ཀྱི་འདུག

    སའེ་ཤིས་ལི་ཡས་བསམ་ཚུལ་དེ་ལས་རོགས་གཞན་དག་ལ་བཤད་པས་དེ་མ་ཐག་ཁོང་ཚོའི་མོས་མཐུན་ཐོབ། དེར་བརྟེན་ཁོ་མོས་ཟ་ཁང་རེ་རེ་བཞིན་ལ་སྐད་ཆ་འདྲི་བར་བསྐྱོད་པ་དང་ངོ་འཕྲད་གྲོས་མོལ་བྱས། ཁོང་མོའི་ངོས་ནས་བརྗོད་ཚེ་ལྟ་སྐོར་བྱེད་ས་འདེམས་པའི་ཚད་གཞི་དང་པོ་ནི་སྦྱིན་བདག་སེམས་རྩ་འཁོལ་པོ་ཞིག་ཡོད་དགོས་ལ་ཞིམ་ཟས་ཡག་ཤོས་བཏོན་ནས་མགྲོན་པོ་དང་མཉམ་སྤྱོད་བྱ་རྒྱུ་དེ་རེད། ཁོ་མོ་དང་ལས་རོགས་ཚོའི་འབད་བརྩོན་འོག་མིག་སྔར་རྣམ་གྲངས་དེའི་འཕེལ་རིམ་བདེ་བླག་བྱུང་ནས་ཟླ་11པར་དངོས་སུ་ཚོང་གཉེར་བྱས་ཡོད་པ་རེད།

    ཁོ་མོས་བདམས་ཐོན་བྱུང་བའི་ཟ་ཁང་ལ་ཡུལ་སྐོར་ཅུས་ཀྱིས་གཅིག་གྱུར་གྱི་མཚོན་རྟགས་སྤྲད་ནས་རྒྱལ་སྒོའི་མདུན་དུ་བཀལ་ཡོད། ཡུལ་སྐོར་ལས་དོན་ཚོགས་པའི་སྣེ་ཤན་པ་ཚང་མས་ཡུལ་སྐོར་བ་དེའི་ནང་གི་ཟ་ཁང་བཞི་ལྔ་ཙམ་ལ་འཁྲིད་ནས་ཞིམ་ཟས་སྣ་ཁ་བཅུ་ལྷག་ཙམ་དང་རྒུན་འབྲུམ་ཨར་རག་སྣ་ཁ་བཅུ་ལྷག་ཙམ་གྱི་བྲོ་བ་མྱོང་དུ་འཇུག་གི་ཡོད། བརྒྱུད་རིམ་ཧྲིལ་པོར་དུས་ཚོད་ཆུ་ཚོད་བཞི་འགོར་བ་དང་ཧྥ་རན་སེའི་རྣམ་པའི་གྲ་རྒྱས་པའི་གསོལ་སྟོན་ཞིག་དང་གཅིག་མཚུངས་རེད་ཅེས་ངོ་སྤྲོད་བྱས་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།