[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཁཱ་རིབ་པི་ཨན་ས་ཁུལ་རྒྱལ་ཁབ་དབར་རུལ་རྒོལ་ཁྲིམས་སྐྱོང་གི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-09-14

    གསར་འགོད་པས་ཀྲུང་དབྱང་སྒྲིག་ཨུད་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཀྲུང་གོ་དང་ཁཱ་རིབ་པི་ཨན་ས་ཁུལ་གྱི་རྒྱལ་ཁབ་དབར་རུལ་རྒོལ་ཁྲིམས་སྐྱོང་མཉམ་ལས་ཚོགས་འདུ་ཟླ་9ཚེས་10དང་11ཉིན་ཀེ་རེན་ན་ཏའི་རྒྱལ་ས་སན་ཐེ་ཅོར་ཅི་གྲོང་ཁྱེར་དུ་འཚོགས་ཤིང་། ཐེ་རི་ནི་ཏ་དང་ཐོ་པ་ཀོ་དང་ཅ་མེ་ཁ་སོགས་ཁཱ་རིབ་པི་ཨན་ས་ཁུལ་གྱི་རྒྱལ་ཁབ་11གིས་རིམ་པ་མཐོ་བའི་འཐུས་མི་མངགས་ནས་ཚོགས་འདུར་ཞུགས་ཡོད། ཚོགས་ཞུགས་ཕྱོགས་ཁག་གིས་རང་སོ་སོའི་རྒྱལ་ཁབ་ཀྱི་རུལ་རྒོལ་ཉམས་མྱོང་དང་། མིག་སྔའི་རྒྱལ་སྤྱི་དང་ས་ཁུལ་གྱི་རུལ་རྒོལ་གནས་བབ། དེ་བཞིན་མཉམ་ལས་ཀྱི་མདུན་ལམ་སོགས་ཀྱི་གྲོས་འགོར་གྲོས་བསྡུར་གཏིང་ཟབ་བྱས་ནས་ཐུན་མོང་ཐོག་ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ་ཀྲུང་གོ་དང་ཁཱ་རིབ་པི་ཨན་ས་ཁུལ་རྒྱལ་ཁབ་ཀྱི་རུལ་རྒོལ་ཁྲིམས་སྐྱོང་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ངོས་འཛིན་གཅིག་མཐུན་གལ་ཆེན་བྱུང་བ་རེད།

    ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས་ནང་རུལ་རྒོལ་ལ་སྔོན་འགོག་དང་རྡུང་རྡེག་གཏོང་བ་ནི་སྤྱི་ཚོགས་ཀྱི་དྲང་བདེན་ལ་སྲུང་སྐྱོང་དང་རྒྱལ་ཁབ་ལ་ཀུན་གྱིས་ཡིད་ཆེས་བྱེད་ཤུགས་རྒྱུན་འཁྱོངས་བྱེད་པར་འགག་རྩའི་ནུས་པ་ལྡན་ཡོད། ཀྲུང་གོ་དང་དེ་བཞིན་ཚོགས་འདུར་ཞུགས་མཁན་ཁཱ་རིབ་པི་ཨན་ས་ཁུལ་རྒྱལ་ཁབ་ཀྱིས་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཀྱི་དོན་འཁྱོལ་ལ་གཞོལ་དགོས་པ་བསྐྱར་བསྒྲགས་བྱས་ཏེ་རུལ་སུངས་ཀྱིས་སྤྱི་ཚོགས་དང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ངན་པ་བསལ་རྒྱུ་ཡིན་པ་བསྟན་ཡོད།

    ཚོགས་འདུའི་མཉམ་འབྲེལ་གསལ་བསྒྲགས་གཞིར་བཟུང་། ཕྱོགས་ཁག་གིས་རུལ་སུངས་ཐར་པར་གཏན་ནས་མི་གཏོང་བ་མཐའ་འཁྱོངས་བྱས་ཏེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རུལ་རྒོལ་སྤྱི་ཆིངས》སོགས་ད་ཡོད་ཀྱི་ཁྱབ་ཁོངས་དང་རྒྱལ་སྤྱིའི་རུལ་རྒོལ་ཁས་ལེན་ལག་བསྟར་བྱེད་དགོས་པ་དང་འབྲེལ་གཤམ་གསལ་ངོས་འཛིན་གཅིག་མཐུན་བྱུང་བ་སྟེ། གཅིག་ནས་འབྲེལ་ཡོད་སྡེ་ཚན་དབར་གྱི་མཐུན་སྦྱོར་ལམ་སྲོལ་བཙུགས་པ་དང་ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་ནས་རུལ་རྒོལ་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སོ་སོའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་ལག་བསྟར་ཆོག་པའི་བྱེད་ཐབས་བརྒྱུད་རུལ་རྒོལ་གྱོད་གཞིར་མཉམ་ལས་བྱེད་པ་དང་འབྲེལ་རྒྱལ་མཚམས་སྒྲོལ་བའི་མཉམ་ལས་ལ་དགོས་ངེས་ཀྱི་སྟབས་བདེ་མཁོ་འདོན་བྱེད་དགོས། གཉིས་ནས་ཕྱོགས་གཉིས་ཀྱི་རྩིས་སྤྲོད་དང་ཁྲིམས་འཛིན་རོགས་རམ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་ལྕག་བྱེད་དགོས་པ་དཔེར་ན། ཕྱོགས་གཉིས་ཀྱི་རྩིས་སྤྲོད་དང་ཁྲིམས་འཛིན་རོགས་རམ་ཆིངས་ཡིག་ལ་གྲོས་མོལ་དང་མིང་རྟགས་འགོད་དགོས་པ་ཚུད་ཡོད། གསུམ་ནས་ལྐོག་རྔན་སྤྲད་པ་དང་ཁྲིམས་འགལ་ངང་རྒྱུ་ནོར་འཁོར་རྒྱུག་བྱེད་པར་རྡུང་རྡེག་བཏང་ནས་རུལ་སུངས་མི་སྣ་དང་རུལ་སུངས་རྒྱུ་ནོར་གྱི་ལྷགས་གཡོལ་མཚོ་ཁུག་ཏུ་མི་འགྱུར་བར་བྱེད་དགོས། བཞི་ནས་ནུས་པ་འཛུགས་སྐྱོང་གི་མཉམ་ལས་དང་ལམ་སྲོལ་ཅན་གྱི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ད་ཡོད་ཀྱི་རྒྱལ་སྤྱི་དང་ས་ཁུལ་གྱི་སྒྲིག་གཞི་དང་། གྲོས་ཆོད། དྲ་མིག་བཅས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ལྔ་ནས་ཀྲུང་གོ་དང་ཁཱ་རིབ་པི་ཨན་ས་ཁུལ་རྒྱལ་ཁབ་ཀྱི་རུལ་རྒོལ་ཁྲིམས་སྐྱོང་མཉམ་ལས་ཀྱི་ཚོགས་འདུ་མུ་མཐུད་འཚོག་དགོས་པ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།