[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུའི་ནང་འཁོད་དོན་ལག་རྩལ་གསར་ཤོས་དར་རྒྱས་ལ་སྐུལ་འདེད་དང་སའི་གོ་ལར་སྲུང་སྐྱོང་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-10-11

    ཚེས་8ཉིན་མཉམ་འབྲེལ་རྒྱལ་ཚོགས་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་པུས་ཁྱབ་བསྒྲགས་བྱས་པའི《2018ལོའི་འཛམ་གླིང་གི་དཔལ་འབྱོར་དང་སྤྱི་ཚོགས་སྙིང་བསྡུས》ཞེས་པའི་སྙན་ཞུའི་ནང་ལག་རྩལ་གསར་ཤོས་ལ་དཔལ་འབྱོར་དང་སྤྱི་ཚོགས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་སའི་གོ་ལར་སྲུང་སྐྱོང་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་བརྗོད་ཡོད། དེ་དང་ཆབས་ཅིག་སྙན་ཞུའི་ནང་ལག་རྩལ་གསར་ཤོས་ཀྱིས་སྤྱི་ཚོགས་ལ་བཟོ་སྲིད་པའི་ཤུགས་རྐྱེན་ངན་པ་ཧུར་ཐག་སེལ་དགོས་པ་ཡང་བཏོན་ཡོད།

    སྙན་ཞུ་དེའི་ནང་རང་འགུལ་ཅན་དང་། འཕྲུལ་མི། གློག་སྒུལ་རླངས་འཁོར། བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུ། སྐྱེ་དངོས་ལག་རྩལ་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་གསར་ཤོས་ཀྱི་ཡར་ཐོན་ལ་ཕྱིར་དྲན་བྱས་པ་དང་འབྲེལ་དེ་དག་གིས་དཔལ་འབྱོར་དང་། སྤྱི་ཚོགས། ཁོར་ཡུག་ཐད་བཟོས་པའི་ཤུགས་རྐྱེན་ལ་ཡང་ཚོད་སྐོར་བྱས་པ་རེད། སྙན་ཞུའི་ནང་ལག་རྩལ་གསར་པ་དེ་དག་གིས“མིའི་རིགས་ཀྱི་འཚོ་བ་ལེགས་གཏོང་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་དམིགས་ཚད་མགྱོགས་མྱུར་མངོན་འགྱུར་དང་དེ་བཞིན་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནད་དོན་ཐག་གཅོད་ཐད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པའི”ངོས་འཛིན་བྱས་ཡོད།

    སྙན་ཞུའི་ནང་བསྐྱར་སྐྱེ་ཐུབ་པའི་ནུས་རྒྱུའི་ལག་རྩལ་དང་ནུས་ཆེའི་ནུས་རྒྱུ་གསོག་འཇོག་མ་ལག་དེས་ཁོར་ཡུག་གི་རྒྱུན་མཐུད་རང་བཞིན་མཐོ་རུ་གཏོང་བ་སོགས་ཐད་རྒྱལ་ཁབ་ཁག་གི་ད་ཡོད་ལག་རྩལ་ཐག་གཅོད་ཇུས་གཞི་ལེགས་སུ་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། གཞན་ཡང་སྒུལ་བདེའི་ལག་རྩལ་གྱི་ཡར་ཐོན་དང་དེ་བཞིན་གྲངས་གཞིའི་དངུལ་རྩའི་གསར་གཏོད་མང་དུ་སོང་བ་དང་བསྟུན་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དམངས་ཚོགས་འབོར་ཆེན་ལ་སྟབས་བདེའི་དངུལ་རྩའི་ཞབས་ཞུ་དང་དེ་བཞིན་སྨན་བཅོས་འཕྲོད་སྦྱོར་གྱི་གོ་སྐབས་ཐོབ་པས་ཉམས་ཞན་མི་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་ཡོད་པ་བརྗོད་ཡོད།

    སྙན་ཞུའི་ནང་ད་དུང་ལག་རྩལ་ལ་འཕོ་འགྱུར་ཕྱིན་པ་དེས་ཁེ་ཕན་བཟང་པོ་ཐོབ་ཀྱང་། གལ་ཏེ་དོ་དམ་ཡག་པོ་མ་བྱུང་བ་དང་འོས་འཚམ་གྱི་ལེ་ལག་སྲིད་ཇུས་མེད་ཚེ། ལག་རྩལ་གསར་པས་ཀྱང“རྒྱལ་ཁབ་ནང་ཁུལ་དང་རྒྱལ་ཁབ་དབར་གྱི་འདྲ་མཉམ་མེད་པ་ཆེ་རུ”གཏོང་སྲིད་ལ“དེ་བས་འདྲ་མཉམ་མེད་པ་བཟོ་བ་དང་ཐ་ན་སྤྱི་ཚོགས་ཟང་ཟིང་ཡང་བཟོ”སྲིད། དཔེར་ན་མི་ཐབས་རིག་ནུས་དང་རང་འགུལ་ཅན་སོགས་ལག་རྩལ་གྱིས་དཔལ་འབྱོར་གྱི་ལས་ཆོད་ཆེ་རུ་གཏོང་ཐུབ་ལ་དེ་དང་ཆབས་ཅིག“རྒྱལ་མཁན་དང་ཕམ་མཁན་ཡང་གཏོད”སྲིད་པའི་ཐ་ཚིག་བསྒྲགས་ཡོད།

    སྙན་ཞུའི་ནང་སྔོན་ཐོན་ལག་རྩལ་གྱི་གསར་གཏོད་དེ“ཀུང་སི་དང་རྒྱལ་ཁབ་ཉུང་ཤས་ལ་གཅིག་སྡུད”ཇེ་མང་དུ་ཕྱིན་པ་དང་ལག་རྩལ་ཐད་རྗེས་ལུས་ཐེབས་པའི་མི་རྣམས་ཀྱིས“འདྲ་མཉམ་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་ཡོང་དཀའ་བ་ཤེས་རྟོགས་བྱུང་ཡོད” དེར་བརྟེན“དགེ་མཚན་ལྡན་པ་དང་ནུས་ལྡན་གྱི་སྲིད་ཇུས”སྤྱད་དེ་ལག་རྩལ་གསར་པ་ལས་ཐོན་པའི་གནད་དོན་སྣ་ཚོགས་ཐག་གཅོད་བྱེད་དགོས། དགོས་གཏུག་ཆེ་བའི་དུས་སུ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་རྩལ་བརྒྱུད་བཤུག་དང་རྒྱལ་ཁབ་ཀྱི་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཉིན་རེ་བཞིན་ཛ་དྲག་ཏུ་སོང་བའི་ཁྲོམ་རའི་གཅིག་སྡུད་བྱེད་ཚད་ཀྱི་གནད་དོན་ཐག་གཅོད་བྱེད་དགོས་པ་བརྗོད་ཡོད།

    མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་གལ་ཏེ་གསར་གཏོད་ཀྱི་སྟོབས་ཤུགས་དེ་དག་གང་ལེགས་སྤྱད་ཚེ། མིའི་རིགས་ནད་མེད་ཚེ་རིང་དང་དེ་བཞིན་ཁོར་ཡུག་ལེགས་གཏོང་ཐད་ཚང་མ་མངོན་འགྱུར་ཐུབ་སྲིད་པའི་དམིགས་ཚད་དུ་འགྱུར་ཐུབ། དེར་བརྟེན་འབྲེལ་ཡོད་སྲིད་ཇུས་བཟོས་ནས་སྔོན་ཐོན་ལག་རྩལ་དེ་དག་ཚོང་ལས་ཐད་སྤྱོད་ཆོག་པ་འགན་ལེན་བྱེད་དགོས་པ་མ་ཟད། ད་དུང་འདྲ་མཉམ་རང་བཞིན་ལྡན་པ་དང་ཀུན་སྤྱོད་དང་མཐུན་པའང་བྱེད་དགོས་ཞེས་བརྗོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་གྱི་འགན་འཁུར་མཁན་དྲུང་ཆེ་གཞོན་པ་ལིའུ་ཀྲེན་མིང་གིས་དེ་ཉིན་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་གལ་ཏེ་དོ་དམ་ཡག་པོ་མ་བྱུང་ཚེ། ལག་རྩལ་གསར་པས་ཀྱང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཚབས་ཆེན་བཟོ་སྲིད་པའི་ཐ་ཚིག་བསྒྲགས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།