[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕོར་ཐིའུ་ཀལ་གྱི་ལས་རིགས་ཁག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་པའི་རྩོམ་ཡིག་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-06

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་ཟླ་12ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཕོར་ཐིའུ་ཀལ་སྤྱི་མཐུན་རྒྱལ་ཁབ་ཏུ་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་སྔ་རོལ་དུ་ཕོར་ཐིའུ་ཀལ་གྱི《གསར་འགྱུར་ཉིན་རེའི་ཚགས་པར》ཐོག《དུས་དང་བར་སྟོང་ལས་བརྒལ་བའི་མཛའ་གྲོགས། འབྱུང་འགྱུར་ལ་ཕྱོགས་པའི་རོགས་ཟླ》ཞེས་འགོ་བརྗོད་དུ་འཁོད་པའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་པའི་རྩོམ་ཡིག་ལ་ཕོར་ཐིའུ་ཀལ་དུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད།

    ཕོར་ཐིའུ་ཀལ་གྱི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེས་ཕོར་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ཐད་དོན་སྙིང་གལ་ཆེན་ལྡན་པ་དང་ཕོར་ཀྲུང་རྒྱལ་ཁབ་གཉིས་པོས་དཔལ་འབྱོར་ཚོང་དོན་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་ཀྲུང་ཕོར་མཉམ་ལས་ཐད་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་འཆར་འགོད་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་པའི་རྩོམ་ཡིག་རིང་པོའི་ཐོག་པར་རིས་བཀོད་ནས་བཏོན་པ་དང་དུས་མཚུངས《གསར་འགྱུར་ཉིན་རེའི་ཚགས་པར》ཐོག་ད་དུང་ཕོར་ཀྲུང་གི་དཔལ་འབྱོར་དང་། ཕོར་ཐིའུ་ཀལ་གྱི་རྒྱ་ཡིག་སློབ་ཁྲིད། ཕྱི་ཁོངས་ཀྲུང་གོ་བའི་སྡེ་ཁུལ། དེང་གི་ཨའོ་མོན་སོགས་དང་འབྲེལ་བ་ཡོད་པའི་རྩོམ་ཡིག་མང་པོ་ཞིག་བཏོན་པ་རེད།

    ཕོར་ཐིའུ་ཀལ་གྱི་སྨྱན་སྦྱོར་གཞན་དག་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་རེས་ཀྱི་འཚམས་འདྲིར་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཅིང་། ཕོར་ཐིའུ་ཀལ་གྱི་དྲ་རྒྱའི་སྨྱན་སྦྱོར《དྲ་ཐོག་དཔལ་འབྱོར》ཞེས་པའི་ནང་ཕོར་ཐིའུ་ཀལ་གྱི་དཔལ་འབྱོར་པུའུ་ཀྲང་ཕེ་ཏེ་ལུའོ·ཝེ་ཨེ་ལའི་སྐད་ཆ་དྲངས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་དེ་ནི་ཕོར་ཀྲུང་འབྲེལ་བའི་ངོས་ནས་བརྗོད་ན། “དུས་སྐབས་གལ་ཆེན”ཞིག་ཡིན་པ་དང་ད་ཐེངས་ཀྱི་འཚམས་འདྲིས་ཕོར་ཀྲུང་འབྲེལ་བ་ཟབ་ཏུ་གཏོང་རྒྱུ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཕྱོགས་མང་འབྲེལ་བའི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་རྒྱུ་རེད་ཅེས་བཤད་པ་རེད།

    མཚན་བཀོད་པའི་རྩོམ་ཡིག་ནང་ཀྲུང་གོ་དང་ཕོར་ཐིའུ་ཀལ་གཉིས་ནི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེ་མོའི་ཤར་ནུབ་སྣེ་གཉིས་སུ་སོ་སོར་གནས་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད་སྔར་ལས་ལྷག་པའི་འཕེལ་རྒྱས་ཕྱིན་ཡོད་ཅེས་འཁོད་ཡོད། ཕོར་ཐིའུ་ཀལ་གྱི་ཨ་ཝེ་ལུའོ་སློབ་ཆེན་གྱི་སྤྱི་ཚོགས་ཆབ་སྲིད་དང་རྒྱལ་ཁབ་ས་ཆ་འཆར་འགོད་ཚན་རིག་ཚན་ཁག་གི་ཀྲུའུ་རེན་ཁ་ལུའོ་སི·ལུའོ་ཏེ་ལི་ཀེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་རྒྱུས་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་འདེགས་སྐྱོར་བྱེད་པའི་རྨང་གཞི་གལ་ཆེན་ཞིག་ལ་བརྩིས་ནས་དང་མཚན་བཀོད་པའི་རྩོམ་ཡིག་ནང་རྫ་ཆས་དང་། དར་གོས། རྐང་རྩེད་སྤོ་ལོ་སོགས་ཀྱི་གཏམ་རྒྱུད་བཀོད་པ་ལས་དུས་རབས་ཁ་ཤས་རིང་གི་ཕོར་ཀྲུང་དབར་གྱི་དུས་ཡུན་རིང་བའི་མཛའ་གྲོགས་མངོན་པར་བྱས་ཡོད་ཅེས་བརྗོད་པ་རེད།

    ཕོར་ཐིའུ་ཀལ་གྱི་དཔལ་འབྱོར་ཚོང་དོན་མ་འཇོག་སྐུལ་སྤེལ་ཅུས་ཀྱི་ཅུས་ཀྲང་ལུའུ་དབྱི་སི·ཨེན་ལི་ཁེ་སིས་ཕོར་ཐིའུ་ཀལ་དུ་ཡོད་པའི་ཀྲུང་གོའི་མ་འཇོག་རྣམ་གྲངས་ཆེ་གྲས་ལ་གྲུབ་འབྲས་ཡག་པོ་ཐོབ་པ་དེས་ཕོར་ཐིའུ་ཀལ་དང་ཀྲུང་གོར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་གཏོད་པ་དང་གྲུབ་འབྲས་གསར་པ་བསྣན་ཡོད་ཅེས་བརྗོད་པ་རེད།

    མཚན་བཀོད་པའི་རྩོམ་ཡིག་ནང་རྒྱལ་ཁབ་གཉིས་པོས“‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་བྱས་ཏེ་ལག་གདང་སྦྲེལ་ནས་འཕེལ་རྒྱས་གཏོང་བའི་རོགས་ཟླ་བྱེད་དགོས”ཞེས་བཏོན་པ་དེར་ལི་སི་པོན་གྲོང་སྲིད་ཐིང་གི་ལོ་རྒྱུས་རིག་པ་མཁས་ཅན་ལུའུ་དབྱི·ལུའོ་ལི་ཏུའོ་ཡིས་མོས་མཐུན་ཆེན་པོ་བྱས་པ་དང་ཁོང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་རྒྱུ་མང་རིག་གནས་དང་སྣེ་མང་འཛམ་གླིང་ལ་ལེགས་སྐྱེས་ཕུལ་བ་ཞིག་ཡིན་པས་ཕྱོགས་གཉིས་པོས་ཚན་རྩལ་དང་། རིག་གནས། བསམ་བཀོད་ཐོན་ལས་སོགས་ཐད་མཉམ་ལས་སྔར་བས་གཏིང་ཟབ་བྱེད་པའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་པའི་རྩོམ་ཡིག་ནང་རྒྱལ་ཁབ་གཉིས་པོས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་བྱས་ཏེ་མཛའ་གྲོགས་རྒྱུན་འཛིན་གྱི་ཕོ་ཉ་བྱེད་དགོས་ཞེས་བཀོད་གནང་ཡོད། ཕོར་ཐིའུ་ཀལ་གྱི་ཀྲུང་གོའི་རིག་གནས་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཨེ་ལའེ་ན·མོ་ལུའོ་ཡིས་དེའི་ཐད་རེ་སྒུག་ཆེན་པོ་བྱེད་པ་དང་ཁོང་གིས་2019ལོ་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བའི“བཀྲ་ཤིས་པའི་ལོ”ཞིག་ཡིན་པས་རིག་གནས་བྱེད་སྒོ་མང་པོ་གཉེར་རྒྱུ་ཡིན་པ་སྨོས་མེད་རེད་ཅེས་བརྗོད་པ་རེད།

    ཕོར་ཐིའུ་ཀལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཧུའུ་ལི་ཨའོ·ཕེ་ལེ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་བཀོད་པའི་རྩོམ་ཡིག་གི་ནང་དོན་གཏིང་ཟབ་པ་དང་ཕོར་ཀྲུང་འབྲེལ་བར་གདེང་འཇོག་ཡག་པོ་གནང་ནས་རྒྱལ་ཁབ་གཉིས་པོའི་དབར་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ལམ་བུ་གསལ་སྟོན་གནང་ཡོད་ཅེས་བརྗོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།