[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • བརྟན་སྲུང་དང་ལྷད་མེད་ཀྱི་ཀྲུང་གོའི་ཕྱི་འབྲེལ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧན་པིང་དང་ཏུའུ་པའེ་ཡུས།    |    སྤེལ་དུས།   2019-03-14

    ཚོགས་འདུ་གཉིས་རིང་། ཀྲུང་གོའི་ཕྱི་འབྲེལ་སླར་ཡང་རྒྱལ་སྤྱིའི་གླེང་ཕྱོགས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར་ཡོད་ཀྲུང་གོའི་ཕྱི་འབྲེལ་གྱིས་བརྟན་སྲུང་དང་། ལྷད་མེད། དེ་བཞིན་ཤེས་སྦྱོར་གཅིག་མཐུན་གྱི་འདུ་ཤེས་དང་ལག་ལེན་རྒྱུན་སྲིང་ལྷོད་མེད་བྱས་པ་ལས་རྒྱལ་སྤྱིའི་ཐོག་ཐུན་མོང་ངོས་འཛིན་དང་བསྔགས་བརྗོད་ཟབ་མོ་ཐོབ་ཡོད།

    ཀྲུང་གོའི་ཕྱི་འབྲེལ་གྱིས་དྲང་གཞག་དྲང་བདེན་མཐའ་འཁྱོངས་བྱས་ཤིང་། ཀྲུང་གོའི་ཕྱི་འབྲེལ་གྱི་ཚིག་མཛོད་ནང་དྲང་གཞག་དྲང་བདེན་གྱི་གོ་དོན་སྔ་ཕྱི་བར་གསུམ་དུ་འགྱུར་བ་བྱུང་མེད། བློ་བརྟན་འགྱུར་མེད་ངང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྟེ་བ་བྱེད་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱིས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་ངོ་རྒོལ་བྱེད་པ། སྔ་ཕྱི་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་པ། བདག་དབང་དང་། རང་བཙན། མངའ་ཁོངས་ས་ཆ་ཆ་ཚང་སོགས་ལ་ཕན་ཚུན་བརྩི་འཇོག་བྱེད་པའི་རྩ་དོན་དང་འདོད་ཚུལ་ལོ་བཅུ་གྲངས་ནང་གཅིག་རྒྱུན་གཅིག་འཛིན་བྱས་ཡོད།

    ཀྲུང་གོའི་ཕྱི་འབྲེལ་གྱིས་སྔ་ཕྱི་བར་གསུམ་དུ་མཉམ་ལས་གཉིས་ཁེ་དོན་གཉེར་བྱས་ཤིང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཀྲུང་གོས་འདུ་ཤེས་དེ་ལག་ལེན་བསྟར་བའི་གསོན་ཉམས་དོད་པའི་མཚོན་ཚུལ་གྲས་ཤིག་རེད། དུས་ཐུང་ལོ་ཁ་ཤས་ནང་། “རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྣན་པའི་རྣམ་གྲངས་འདུ་འགོད་མང་དག་ཅིག་ཕྱོགས་བཞི་མཚམས་བརྒྱད་དུ་རིམ་གྱིས་ལག་བསྟར་དང་དོན་འཁྱོལ་བྱུང་ཡོད། མི་རྣམས་ཀྱི་མཐོང་གསལ་ལ། ཤར་ཨ་ཧྥེ་རི་ཁར་མྱུར་བགྲོད་ལྕགས་ལམ་དང་པོ་དེ་བསྐྲུན་པ་དང་། མར་ཏི་ཝེར་རྒྱ་མཚོ་སྒྲོལ་བའི་ཟམ་ཆེན་དང་པོ་དེ་བསྐྲུན་པ། བྷེ་ཨུ་རུ་སུར་རང་ཉིད་ཀྱི་འཇིབ་ཆུང་རླངས་འཁོར་བཟོ་སྐྲུན་ལས་རིགས་དང་པོ་ཡོད་པ་སོགས་རྒྱལ་ཁབ་དེ་བས་མང་བས་མཉམ་གྲོས་མཉམ་སྐྲུན་ངང“རྒྱུད་གཅིག་ལམ་གཅིག”ནང་ཧུར་ཐག་ཞུགས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་གོ་སྐབས་དམ་འཛིན་བྱེད་པའི་འབོད་སྒྲ་ཉིན་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

    ཀྲུང་གོའི་ཕྱི་འབྲེལ་གྱིས་སྔ་ཕྱི་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་མཐའ་འཁྱོངས་བྱས་ཤིང་། ཞི་བདེ་འཕེལ་རྒྱས་ནི་ཀྲུང་གོའི་ཕྱི་འབྲེལ་གྱི་རྩ་བའི་ཁ་ཕྱོགས་ཡིན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70རིང་། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ་དང་ཞི་བདེ་འཕེལ་རྒྱས་ལ་བརྟེན་ནས། ཡར་ལངས་པ་དང་། ཕྱུག་པོ་ཆགས་པ། དེ་ནས་སྟོབས་ཆེར་སོང་བའི་བར་གྱི་རླབས་ཆེན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། ཀྲུང་གོའི་དར་རྒྱས་ཀྱི་ལམ་བུ་དེ་ལོ་རྒྱུས་ཐོག་གི་རྒྱལ་ཁབ་ཆེ་གྲས་ཁག་གིས་རྒྱ་བསྐྱེད་བཏང་ནས་རང་ཉིད་སྟོབས་ཆེར་གཏོང་བའི་བྱ་ཐབས་དང་གཏན་ནས་གཅིག་པ་མིན།

    ཀྲུང་གོའི་ཕྱི་འབྲེལ་གྱིས་སྔ་ཕྱི་བར་གསུམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ཤིང་། ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་ནས་རྒྱལ་སྤྱིའི་མཉམ་ལས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བའི་བར། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་མིག་མཐོང་ལག་ཟིན་ཡིན། གོ་ལ་ཧྲིལ་པོའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་རྒྱལ་ཁབ་ཁག་དབར་ལས་དབང་གཅིག་འབྲེལ་དང་བདེ་སྡུག་མཉམ་ཁུར་ཡིན་པས་ཚོགས་པའི་སྙིང་སྟོབས་དགོས་པ་ལས་རང་དོན་བསྒྲུབ་རྒྱུ་དེ་མིན་པ་དང་། ཕྱར་བ་གྲུ་འདེགས་བྱེད་པ་ལས་རང་སྒེར་གཙོ་བཟུང་བྱ་རྒྱུ་དེ་མིན། ཀྲུང་གོས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་བཏོན་ནས་དུས་རབས་རླབས་རྒྱུན་གྱི་སྣེ་ཁྲིད་དེ་ལོ་བརྒྱར་འཕྲད་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་འཛམ་གླིང་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

    ཀྲུང་གོའི་ཕྱི་འབྲེལ་གྱི་བརྟན་སྲུང་དང་ལྷད་མེད་ལས་འཛམ་གླིང་ལ་དྲང་ནུས་རྒྱུན་མཐུད་ངང་སྦྱིན་པས་ཀྲུང་གོའི་ལེགས་སྐྱེས་ལ་ཕྱོགས་མང་པོའི་ཁས་ལེན་ཐོབ་ཡོད། མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝ་དོན་གཅོད་ཁྲུའུ་ཡི་སྤྱི་ཁྱབ་ཀན་ཧྲེ་མའེ་ཁེར·མུའུ་ལེས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་དང་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད་ཅེས་བཤད། ཨ་རིའི《ཧྥུའུ་པུའུ་སི》དུས་དེབ་དྲ་ཚིགས་ཐོག་སྤེལ་བའི་རྩོམ་ཡིག་ནང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས“སྔར་བྱུང་མ་མྱོང་བའི་གོ་སྐབས”གཏོད་ཡོད་ཅེས་འཁོད་ཡོད། སི་ཕེན་གྱི་ཨེ་ཤེ་ཡའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཆའོ་ཀྲེ་ན·དབྱི་ཀེ་ལ་སིས། ཀྲུང་གོས་བཏོན་པའི་བསྟུན་མཁས་དང་། དམངས་གཙོ། སྒོ་དབྱེ། གསར་གཏོད། ནུས་ཆེ་བཅས་ཀྱི་ཕྱོགས་མང་འཛམ་གླིང་གི་འདུ་ཤེས་དེ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དང་ལེན་རྒྱ་ཁྱབ་ཐོབ་པ་དང“འདུ་ཤེས་དེ་ལྟ་བུ་ལག་བསྟར་བྱས་ཚེ། མིའི་རིགས་ཡར་རྒྱས་ཆེན་པོ་འགྲོ་བའི”ངོས་འཛིན་བྱས།

    རྩ་བ་བརྟན་སྲུང་བྱས་ནས་འབྲས་བུ་གཡུར་དུ་ཟ་བ་ཐོབ་པ་བྱས་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་བརྟན་སྲུང་དང་ལྷད་མེད་ལས་རྙོག་འཛིང་ཆེ་བའི་འཛམ་གླིང་དེར་ཞི་བདེའི་དད་སེམས་དང་། འཕེལ་རྒྱས་ཀྱི་ཡིད་ཆེས། མདུན་སྐྱོད་ཀྱི་སྒུལ་ཤུགས་བཅས་སྤྲོད་ཐུབ་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།