[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ཡར་ཐོན”བརྗོད་དོན་གཙོ་བོར་བྱས་པའི་ཞོར་ཚོགས་རི་ནེ་ཝར་འཚོགས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    602228_yis_1552450893833.jpg

    ཟླ་3ཚེས་11ཉིན། སུའེ་ཙེར་གྱི་རི་ནེ་ཝར“ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ཡར་ཐོན”བརྗོད་དོན་གཙོ་བོར་བྱས་པའི་ཞོར་ཚོགས་ནང་སྐུ་མགྲོན་ཞུགས་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་ཟླ་3ཚེས་11ཉིན་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་40པ་འཚོགས་རིང་། ཚེས་11ཉིན་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱིས“ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གི་འཕེལ་རྒྱས་ཡར་ཐོན”བརྗོད་དོན་གཙོ་བོར་བྱས་པའི་ཞོར་ཚོགས་འཚོགས་པ་རེད། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་རིགས་གཅིག་མཁས་ཅན་ལྔ་ཡིས་རང་ངོས་ཀྱི་ཁྱབ་ཁོངས་ནས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཡར་ཐོན་གྱི་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་ཤིན་ཅང་ཡུ་གུར་རིགས་ཀྱི་གསོ་རིག་ཆེད་ཚན་སློབ་གྲྭའི་སློབ་སྤྱི་ཝུའུ་ཅི་ཨ་ཧ་མའེ་ཐི་·ཐུར་ཞུན་གྱིས་གཏམ་བཤད་སྤེལ་སྐབས་ཀྲུང་གོས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་གྱི་གསོ་བ་རིག་པ་སྲུང་སྐྱོང་དང་རྒྱུན་འཛིན་ལ་མཐོང་ཆེན་བྱེད་ཀྱི་ཡོད། དེས་ན་རྒྱལ་ཁབ་ཀྱི་མཐོང་ཆེན་དང་གཏོང་ཆ་གཏོང་ཤུགས་ལ་བརྟེན་ནས་ཤིན་ཅང་གི་མི་རིགས་གསོ་བ་རིག་པའི་བྱ་གཞག་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་ཕྱིན་ཏེ་སྨན་བཅོས་དང་། སློབ་གསོ། ཚན་ཞིབ། སྨན་རྫས་བཅས་ཐོན་སྐྱེད་ལེ་ལག་ཚང་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་ཞིག་གྲུབ་པ་དང་། མི་རིགས་ཀྱི་སྲོལ་རྒྱུན་གསོ་བ་རིག་པའི་རིག་གནས་ཀྱི་སྨན་བཅོས་ནུས་པ་དང་། རིག་གནས་ཀྱི་ནང་དོན། ཡུལ་སྐོར་གྱི་ཟུར་སྣོན་རིན་ཐང་བཅས་ཀྱང་སྔོག་འདོན་གང་ལེགས་ཐུབ་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཞའོ་ཝུའུ་ཡིས་ཚོགས་འདུའི་ཐོག་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་དེས་འགྲོ་བ་མིའི་ཐོབ་ཐང་འགན་ལེན་ལ་སྐུལ་འདེད་ཐུབ་ཡོད། 1978ལོ་ནས་2018ལོ་བར་ཤིན་ཅང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་319ནས་སྒོར་32775བར་འཕར་བ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་119ནས་སྒོར་11984བར་འཕར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ལྷག་པར་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་ཤིན་ཅང་མི་དམངས་ཀྱི་སྤྱི་ཚོགས་འགན་སྲུང་དབང་ཆ་དང་། བདེ་ཐང་དབང་ཆ། སློབ་གསོ་མྱོང་བའི་དབང་ཆ་སོགས་སྤྱི་ཚོགས་དབང་ཆའི་འགན་ལེན་ཆུ་ཚད་ལ་མཆོང་སྐྱོད་ཧ་ཅང་ཆེན་པོ་བྱུང་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་བཀྲ་ནོར་གྱིས་ཚོགས་འདུའི་ཐོག་བོད་ཀྱི་སྣོད་བཅུད་སྲུང་སྐྱོང་གི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཁོང་གིས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34%རང་བྱུང་སྲུང་སྐྱོང་ཁུལ་དུ་དབྱེ་བ་དང་དེ་ནི་ཀྲུང་གོའི་སྲུང་སྐྱོང་ཁུལ་རྒྱ་ཁྱོན་ཆེ་ཤོས་ཀྱི་ཞིང་ཆེན་རིམ་པའི་ས་ཁོངས་ཤིག་རེད། བོད་རང་སྐྱོང་ལྗོངས་ཀྱིས་ཐོན་ལས་ལ་ཆོག་མཆན་འགོད་པའི་ལམ་ལུགས་ནན་པོ་བཟོས་ཏེ་སྣོད་བཅུད་ཡུལ་སྐོར་དང་རིག་གནས་ཐོན་ལས་སོགས་ཀྱི་ཁོར་ཡུག་མཐུན་འཕྲོད་རྣམ་པའི་ཐོན་ལས་སྔོན་ལ་འཕེལ་རྒྱས་བཏང་ནས་ཁོར་ཡུག་ལ་གཏོར་བཤིག་ཕོག་ཉུང་དུ་བཏང་ཡོད། དེ་དང་དུས་མཚུངས་རྒྱལ་ཁབ་ཀྱིས་ད་དུང་རིགས་ཁག་གི་འཕེལ་རྒྱས་རྣམ་གྲངས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་རྩ་དོན་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་ལྷོ་ནུབ་སྲིད་ཁྲིམས་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ཁང་གི་དགེ་རྒན་ཆེ་མོ་བ་ཀྲའོ་ཧྲུའུ་ཁུན་གྱི་གཏམ་བཤད་ནང་ཀྲུང་གོས་བདེ་ཐང་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་མི་དམངས་མང་ཚོགས་ཀྱི་བདེ་ཐང་དབང་ཆ་འགན་ལེན་བྱས་ཡོད། 1951ལོའི་གོང་གི་བོད་རྙིང་པའི་དཔལ་འབྱོར་རྗེས་ལུས་ཡིན་པ་མ་ཟད། སྨན་བཅོས་ཆ་རྐྱེན་ཞན་ལ་མི་འབོར་འཕར་ཚད་དུས་ཡུན་རིང་པོའི་ནང་འཕེལ་མེད་སོར་གནས་སུ་ལུས་ཡོད། ལོ་60ལྷག་ཙམ་འཕེལ་རྒྱས་བཏང་བ་བརྒྱུད་མིག་སྔར་བོད་ཀྱི་མི་འབོར་1951ལོའི་ཁྲི་114.09ནས་2018ལོའི་ཁྲི་337བར་འཕར་བ་དང་བོད་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་1951ལོའི་ལོ་35.5ནས་2015ལོའི་ལོ་68.2བར་རིང་དུ་ཕྱིན་ཡོད་ཅེས་བརྗོད་པ་རེད།

    ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་འཛིན་དང་ཀྲུང་ནན་སློབ་ཆེན་གྱི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཀྱི་ལག་བསྟར་ཀྲུའུ་རེན་མའོ་ཅུན་ཞང་གིས་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་དང་སློབ་གསོས་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔའི་བར་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་སྒྲིག་གཞི་40ལྷག་ཙམ་ཡོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་དཔུང་ཁག་ལ་མི་བརྒྱ་གྲངས་ཟིན་ནས“ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་དང་སློབ་གསོ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཡར་ཐོན་གྱི་ཞིབ་ཕྲའི་མཚོན་ཚུལ་ཡིན་ལ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་ཞིག་ཀྱང་རེད”ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།