[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རུལ་རྒོལ་གྱི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས་བཅོས་སྐྱོང་གི་ཕན་ནུས་ཐོན་པ་བྱེད་པ།

    ཀྲུང་གོས་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་གང་ལེགས་བྱས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། ལོ་གཅིག་རིང་ཀྲུང་གོས་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་བྱས་པར་ཕྱི་རྒྱལ་གྱི་མི་སྣས་གདེང་འཇོག་ཡག་པོ་བྱས་ཏེ་སྒྱུར་བཅོས་བྱས་ནས་བྱུང་བའི་ལམ་ལུགས་ཀྱི་ལེགས་ཆ་དེ་ཟམ་མི་ཆད་པར་བཅོས་སྐྱོང་གི་ཕན་ནུས་སུ་སྒྱུར་བཞིན་ཡོད་པ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་དུ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད།

    2018ལོའི་ཟླ་གསུམ་པར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་དང་ལྟ་ཞིབ་བཅའ་ཁྲིམས་ལ་གྲོས་འཆམ་བྱུང་ནས་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཁྲིམས་ལྟར་བཙུགས་པས་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་གི་སྤྱིའི་སྒྲོམ་གཞི་རགས་ཙམ་ཆགས་ཡོད། ལོ་གཅིག་རིང་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་རྒྱུན་མཐུད་ངང་ཟབ་གཏོང་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོས་གཅིག་སྡུད་གཅིག་གྱུར་དང་དབང་གྲགས་ནུས་ཆེའི་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་ཅིག་རིམ་བཞིན་གཏོད་བཞིན་ཡོད་པས། དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ཟམ་མི་ཆད་པར་ཆེ་རུ་འགྲོ་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

    ཨ་རིའི་ཧྲེང་ཐོ་མ་སི་སློབ་ཆེན་གྱི་ཤེའུ་སི་ཏུན་ཡན་ལག་སློབ་གྲྭའི་དགེ་རྒན་ཆེ་མོ་བ་ཆའོ་ཨེན·ཐའེ་ལེས་ཀྲུང་གོའི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ནི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ཤིག་རེད། དེའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཁྱབ་ཁོངས་དེའི་ཐད་སྒྱུར་བཅོས་བྱེད་པའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཐུབ། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་བཙུགས་པ་དེས་རུལ་སུངས་ལ་ངོ་རྒོལ་དང་ལྟ་ཞིབ་ཀྱི་ལས་དོན་དེ་མཐོ་ཚད་གསར་པ་ཞིག་ཏུ་སྐུལ་འདེད་བཏང་ཡོད་པས་ཀྲུང་གོ་སྲིད་གཞུང་གིས་བཏོན་པའི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་གི་དམིགས་ཚད་དང་མཐུན་ཡོད་ཅེས་བརྗོད་པ་རེད།

    ཨ་རིའི་དབྱི་ལི་ནོ་དབྱི་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་གྱི་སི་ཐུར་ཐེ་ཚོང་ལས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧ་དབྱི་ལི·ཐུར་ཁེས་ཀྲུང་གོས་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་བཙུགས་ནས་བཅའ་ཁྲིམས་ཀྱི་ལག་བསྟར་ནུས་པ་ཆེ་རུ་བཏང་ཡོད་ཅེས་བརྗོད་པ་རེད།

    ལྷོ་ཨ་ཧྥེ་རི་ཁའི་ཝོར་ཐེ·ཤིས་སུའུ་ལུའུ་སློབ་ཆེན་གྱི་ཞིབ་འཇུག་པ་ཨའེ་ལི་ཁེ·མན་ཀུང་དབྱི་ཡིས་ཀྲུང་གོའི་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ནས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ལྟ་ཞིབ་སྡེ་ཚན་རིམ་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། བྱ་ཐབས་དེ་དག་ལས་མ་འཇོག་བྱེད་མཁན་ལ་དེ་བས་ལེགས་པའི་ཚོང་གཉེར་ཁོར་ཡུག་བཏོད་ཡོད་ཅེས་བརྗོད་པ་རེད།

    ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒོ་བྱང་དངོས་སུ་བཀལ་ནས་ལོ་གཅིག་སོང་རིང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ལས་ཆོད་ཆེ་རུ་སོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་ཁྲིམས་སྐྱོང་ཅན་དང་ཚད་ལྡན་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཡོད་པའི་ངོས་འཛིན་བྱས་ཡོད།

    ཧན་གོའི་ཁྲེང་ཅུན་ཀོན་སློབ་ཆེན་གྱི་ཁྲེང་ཅུན་ཀྲུང་གོ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ལི་ཤིས་ཡུས་ཀྱིས་ཀྲུང་གོའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་བཙུགས་པས་སྤྱོད་གཙང་གཞུང་དྲངས་ཀྱི་ཁོར་ཡུག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད་ལ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་དེ་བས་ནུས་ཆེའི་ངང་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཕན་པ་ཡོད་པ་དང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་རེད།

    སིང་ཀ་ཕོར་གཞུང་བཙུགས་སློབ་ཆེན་གྱི་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཝང་ཅང་ཡུས་ཀྱིས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་བྱེད་པ་དེ་ཀྲུང་གོས་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་དེ་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་དུ་སྒྱུར་བའི་གྲུབ་འབྲས་གལ་ཆེན་ཞིག་རེད། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་བཙུགས་པ་དེ་ཡར་རྒྱས་ཧ་ཅང་ཆེན་པོ་ཞིག་རེད་ལ། ལྟ་ཞིབ་བཅའ་ཁྲིམས་བཏོན་པ་དེས་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྒྲིག་ལམ་ཁ་གསལ་བཏོན་པས་ཀྲུང་གོའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་དེ་བས་གཏིང་ཟབ་དང་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད་ཅེས་བརྗོད་པ་རེད།

    པར་ཙིར་ཝ་ཅ་སི་ཐེབས་རྩ་ལྷན་ཚོགས་ཀྱི་རྒྱལ་སྤྱིའི་ཁྲིམས་རིག་པའི་དགེ་རྒན་ཆེ་མོ་བ་ཨའེ་ཝན་ཏེ་ལོ·ཁ་ཝ་ལུའེ་ཡིས་ཀྲུང་གོས་རྒྱལ་ཁབ་ཀྱི་ལྟ་ཞིབ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་བྱས་པ་དེ་གསར་གཏོད་གལ་ཆེན་ཞིག་རེད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།