[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡུལ་སྐོར་མཉམ་ལས་བྱེད་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་དམངས་སེམས་གཅིག་ཏུ་བསྒྲིལ་རྒྱུར་རམ་འདེགས་བྱེད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་གྱི་འབྲེལ་བའི་འཕེལ་ཕྱོགས་ཡག་པོ་ཡོད་ཅིང་། མཐོ་རིམ་གྱི་འགྲོ་འོང་བྱེད་ཟབ་ཏུ་ཕྱིན་པ་མ་ཟད། དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཀྱང་ཧ་ཅང་ཇེ་ཟབ་ཏུ་ཕྱིན་ཡོད། དེའི་ནང་2018ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་ཡུལ་སྐོར་ལོའི་རིམ་སྤེལ་བྱེད་སྒོའི་རམ་འདེགས་འོག ཀྲུང་གོ་དང་ཡོ་རོབ་ཀྱི་ཡུལ་སྐོར་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཟབ་ཏུ་ཕྱིན་པ་དང་། ཕན་ཚུན་དབར་ཤེས་རྟོགས་བྱེད་ཟབ་ཏུ་ཕྱིན་པ། དམངས་སེམས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་དམངས་འདུན་གྱི་རྨང་གཞི་བརྟན་དུ་ཕྱིན་པ།

    2018ལོའི་ཟླ་3ཚེས་9ཉིན་གྱི་དགོང་མོ་། ཀྲུང་གོ་དང་ཡོ་རོབ་ཀྱི“འོད་ཟེར་ཟམ་པའི”བྱེད་སྒོའི་གྲས་ཤིག་ཡིན་པའི་ཙི་ཀུང་གི་ཚོན་ཁྲ་ཅན་གྱི་གློག་སྒྲོན་འགྲེམས་སྟོན་ཆེ་གྲས་པེར་ཀྲེམ་གྱི་ཝ་ལུང་ཁུལ་ཆེན་གྱི་ཡུལ་སྐོར་གྲགས་ཅན་གྲོང་ཏི་ནན་དུ་འགོ་ཚུགས་པ་རེད། 2018ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་ཡུལ་སྐོར་ལོར་རྟེན་འབྲེལ་ཞུ་ཆེད། “འོད་ཟེར་ཟམ་པའི”བྱེད་སྒོས་ཡོ་རོབ་མནའ་འབྲེལ་གྱི་ཁོངས་མིའི་རྒྱལ་ཁབ་ཀྱི་མཛེས་ལྗོངས་ཁུལ་དང་ས་ཁམས་མཚོན་རྟགས་ཀྱི་ཨར་སྐྲུན་ཁུལ་25རུ“ཀྲུང་གོའི་གློག་སྒྲོན་དམར་པོ”སྤར་བ་དང་། ཟླ་5ཚེས་10ཉིན་གྱི་དགོང་མོ་ལྕགས་རི་རིང་པོའི་པ་ཏ་ལིང་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཁྲུང་སེར་ཐོག་བརྩེགས། ཤར་ཕྱོགས་ཀྱི་མུ་ཏིག ཀོང་ཀྲོའུ་མཆོད་རྟེན་སོགས་ཀྲུང་གོའི་ས་ཁམས་མཚོན་རྟགས་རང་བཞིན་གྱི་མཛེས་ལྗོངས་ཁུལ་32སུ“ཡོ་རོབ་མནའ་འབྲེལ་གྱི་གློག་སྒྲོན་སྔོན་པོ”སྤར་བ་རེད།

    མཛའ་གྲོགས་མཚོན་བྱེད་ཀྱི“འོད་ཟེར་ཟམ་པའི”བྱེད་སྒོས་ཀྲུང་གོ་དང་ཡོ་རོབ་དམངས་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ནས་ཡོ་རོབ་མནའ་འབྲེལ་དམངས་ཚོགས་ཀྱིས་ཀྲུང་ཧྭའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་ཐུབ་པ་མ་ཟད། ཡོ་རོབ་ཡུལ་སྐོར་དམིགས་ས་ཁུལ་ཀྲུང་གོར་སྐད་གྲགས་ཆོད་ཚད་ཀྱང་མཐོ་རུ་ཕྱིན་ཏེ་ཀྲུང་གོ་དང་ཡོ་རོབ་ཀྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་དང་། གཉིས་ཕན། མཉམ་ལས་བཅས་ལ་སྐུལ་འདེད་གཏོང་ཆེད་སྦྲེལ་ཟམ་གལ་ཆེན་གཏོད་པ་རེད།

    རྒྱལ་ཁབ་སྤེལ་རེས་བྱ་རྒྱུ་དེ་དམངས་བརྩེ་བ་ཟབ་མིན་ལ་ཐུག་པ་དང་། དམངས་བརྩེ་བ་ཟབ་མིན་དེ་སེམས་པ་མཐུན་མིན་ལ་ཐུག་ཡོད། 2018ལོའི་ཀྲུང་གོ་དང་ཡོ་རོབ་ཀྱི་ཡུལ་སྐོར་ལོར་དམིགས་ནས་ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་རྣམ་པ་སྣ་ཚོགས་དང་ནང་དོན་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་ཁྱབ་གདལ་བྱེད་སྒོ་100ལྷག་ཙམ་གཉེར་བ་དང་ཆབས་ཅིག ཀྲུང་གོའི་ཡུལ་སྐོར་བས་ཐོངས་མཆན་དང་། དུས་གཏན་གནམ་གྲུ། ཡུལ་སྐོར་ཐོན་རྫས། འཛད་སྤྱོད་ཞབས་ཞུ་བཅས་ཕྱོགས་བཞིའི་ཐད་ལ་དེ་བས་སྟབས་བདེའི་ཐོབ་ཐང་ཐོབ་པ་དེ་དག་ཚང་མས་ཕྱོགས་གཉིས་ཀྱིས“དམངས་སེམས་སྦྲེལ་མཐུད”ལ་ཤུགས་སྣོན་རྒྱག་པའི་ཐད་ཐུན་མོང་གི་ངོས་འཛིན་ཆེན་པོ་ལྡན་པ་མཚོན་ཐུབ།

    ཡོ་རོབ་ཡུལ་སྐོར་ཨུ་ལྷན་གྱིས་མཁོ་འདོན་བྱས་པའི་སྙན་ཞུ་ཞིག་ལས་མངོན་པར། 2018ལོར་ཡོ་རོབ་ཏུ་སྐྱོད་མཁན་ཀྲུང་གོའི་ཡུལ་སྐོར་བའི་མི་གྲངས་དུས་མཚུངས་ལས་5.1%འཕར་ཡོད། 2018ལོའི་ཟླ་5པ་ནས་ཟླ་8པ་བར། ཀྲུང་གོ་དང་ཡོ་རོབ་དབར་མཁའ་ལམ་གསར་པ་13བཏོད་པ་དང་། 2019ལོའི་ཟླ་9པ་ནས་ཟླ་12བར། ཀྲུང་གོས་ད་དུང་ཡོ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་4ལ་ཤར་གཏོང་ཐུབ་པའི་མཁའ་ལམ་གསར་པ་7གཏོད་རྩིས་ཡོད་པ་རེད།

    ལོ་མང་རིང་། ཀྲུང་གོ་དང་ཡོ་རོབ་ཕྱོགས་གཉིས་ཀྱིས་ཡུལ་སྐོར་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་དེ་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རོགས་འདེགས་ཡོ་བྱད་ལ་རིམ་བཞིན་གྱུར་ཡོད། དུས་བབ་གསར་པའི་འོག ཀྲུང་གོ་དང་ཡོ་རོབ་ཀྱིས་ཕྱོགས་གཉིས་དང་ཕྱོགས་མང་གི་རིག་གནས་སྤེལ་རེས་ལམ་སྲོལ་མུ་མཐུད་འཕེལ་རྒྱས་དང་བེད་སྤྱོད་ཡག་པོ་བྱས་ཏེ་ཕྱོགས་གཉིས་ཀྱི་དམངས་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གཅུགས་ཟབ་པའི་རྒྱ་ཆེ་བའི་ལས་སྟེགས་བསྐྲུན་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་དེ་བས་འཕེལ་རྒྱས་འགྲོ་ཐུབ་པ་བྱེད་དགོས་ངེས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།