[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ལོའི་མཛའ་གྲོགས་ཀྱི་འབྲེལ་ཟམ་བསྐྲུན་པའི་སློབ་གྲྭ

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    610668_yis_1554793726563.jpg

    འདི་ནི་ལོ་སིའི་མོང་སའེ་རུ་ཀྲུང་ལོ་མཛའ་གྲོཌ་སློབ་གྲྭའི་སློབ་མ་ཚོས་སློབ་གསེང་སྐབས་ཕིང་ཕང་སྤོ་ལོ་རྒྱག་བཞིན་པ།

    610667_yis_1554793726454.jpg

    འདི་ནི་ལོ་སིའི་མོང་སའེ་རུ་ཀྲུང་ལོ་མཛའ་གྲོགས་སློབ་གྲྭའི་སློབ་མ་ཚོས་སྐད་ཡིག་སློབ་ཚན་འཚོག་བཞིན་པ།

    610669_yis_1554793726672.jpg

    འདི་ནི་ལོ་སིའི་མོང་སའེ་རུ་ཀྲུང་ལོ་མཛའ་གྲོགས་སློབ་གྲྭའི་ཞའོ་ཀྲང་ཞུས་ཧྲུན་ཧུང་གིས་ཁོང་གི་གཞུང་དོན་ཁང་ནང་གཞུང་དོན་སྒྲུབ་བཞིན་པ།

    610666_yis_1554793726344.jpg

     འདི་ནི་ལོ་སིའི་མོང་སའེ་རུ་ཀྲུང་ལོ་མཛའ་གྲོགས་སློབ་གྲྭའི་སློབ་མ་ཚོས་གཟའ་འཁོར་རེའི་རེས་གཟའ་པ་སངས་ཀྱི་རྒྱལ་དར་ཕབ་པའི་མཛད་སྒོའི་ཐོག་རྒྱལ་དར་ལ་གུས་འདུད་ཞུ་བཞིན་པ།

    “ཞའོ་ཀྲང་ཞུས་ལགས། སྐུ་ཁམས་བཟང”

    ལོ་སིའི་བྱང་རྒྱུད་གྱི་གཙོ་གནད་ཚོང་འགྲུལ་གྲོང་རྡལ་མོང་སའེ་དང་བྱང་རྒྱུད་ཀྱི་ལྟེ་བའི་གྲོང་ཁྱེར་ལང་པོ་ལ་པང་དང་ཐ་ན་རྒྱལ་ས་ཝན་ཐེན་དུ་ཀྲུང་ལོ་མཛའ་གྲོགས་སློབ་གྲྭའི་ཞའོ་ཀྲང་ཞུས་ཧྲུན་ཧུང་ལ་གུས་འདུད་ཞུས་ནས་འཚམས་འདྲི་ཞུ་མཁན་མི་མང་པོ་འཕྲད་ཀྱི་ཡོད།

    གྲུང་ཤ་དོད་པོའི་ཀྲུང་གོའི་དབྱི་རིགས་ཕོ་གཞོན་དེས་མོང་སའེ་རུ་ལོ་12སློབ་གཉེར་བྱས་པ་དང་ད་ཆ་གྲུབ་འབྲས་ཀྱང་ཆེ་ཙམ་ཐོབ་ཡོད། རྒྱ་ཡིག་ཤེས་པའི་ལེགས་ཆར་བརྟེན་ནས་སློབ་མ་མང་ཆེ་བ་སློབ་གྲྭ་ཐོན་རྗེས་ལོ་སི་སྲིད་གཞུང་སྡེ་ཚན་དུ་ལས་ཀ་བྱེད་པར་འགྲོ་བའམ་ཡང་ན་ཀྲུང་ལོ་ལྕགས་ལམ་དང་ཀྲུང་གོའི་མ་འཇོག་རྣམ་གྲངས་ཁྲོད་ནུས་པ་གལ་ཆེན་འདོན་ཐུབ་ཀྱི་ཡོད།

    ཞུས་ཧྲུན་ཧུང་གིས་སློབ་གྲྭ་དེས་ལོ་སི་བ་མང་པོར་རྒྱ་ཡིག་སློབ་སྦྱོང་བྱེད་པའི་ཆ་རྐྱེན་བསྐྲུན་ཏེ་ཁོང་ཚོར་ཀྲུང་གོའི་རིག་གནས་དེ་བས་མང་བ་ཤེས་སུ་འཇུག་འདོད་ཡོད་ཅེས་བཤད།

    ཞུས་ཧྲུན་ཧུང་སློབ་ཆེན་ཐོན་ནས་ཕ་ཡུལ་ཡུན་ནན་དུ་དགེ་རྒན་བྱེད་པར་སྐྱོད་སྐབས། ལོ་སིའི་སློབ་མ་ཁག་གཅིག་དང་གཤིབ་མྱོང་ཡོད། 2005ལོར་ཁོང་ལ་ལོ་སིར་རྒྱའི་སྐད་ཡིག་གི་སློབ་གྲྭ་ཞིག་གཉེར་རྒྱུའི་བསམ་བློ་འཁོར། བརྟག་དཔྱད་བྱས་པ་བརྒྱུད། 2006ལོར་ཁོང་གིས་ལོ་སིའི་བྱང་རྒྱུད་ཀྱི་ཝུའུ་ཏུའོ་མུའུ་སའེ་ཞིང་ཆེན་དུ་མ་དངུལ་བཏང་ནས་ཀྲུང་ལོ་མཛའ་གྲོགས་སློབ་གྲྭ་ཞིག་འཛུགས་རྒྱུའི་སེམས་ཐག་བཅད།

    “ཐོག་མར་ལོ་རིམ་དང་པོ་དང་གཉིས་པའི་འཛིན་གྲྭ་རེ་ལས་མེད། དེར་ལོ་སིའི་དགེ་རྒན་གཉིས་གདན་ཞུ་བྱས་པའི་ཐོག་ང་ཚོ་མི་ཁ་ཤས་ཡོད། སློབ་མ་16ནས་གོམ་པ་རེ་རེ་བྱས་ཏེ་ད་ལྟའི་སློབ་གྲྭ་དེ་ལྟ་བུ་གཉེར་ཐུབ་བྱུང”ཞེས་ཞུས་ཧྲུན་ཧུང་གིས་བཤད།

    ཀྲུང་གོ་དང་ལོ་སིའི་འབྲེལ་བ་ཉིན་རེ་བཞིན་དམ་ཟབ་ཏུ་འགྲོ་བ་དང་བསྟུན་ནས་རྒྱ་སྐད་སློབ་གྲྭ་དེའི་གཞི་ཁྱོན་ཡང་ཇེ་ཆེར་ཕྱིན་ནས་མང་ཤོས་སྐབས་སུ་སློབ་མ་1000ལྷག་ཙམ་ཡོད་པ་རེད། ཁང་པ་གཡར་ནས་སློབ་གཉེར་བྱ་རྒྱུ་དེས་འགྲིག་ཐབས་མེད་པར་བརྟེན། ཞུས་ཧྲུན་ཧུང་གིས་སི་ཁྲོན་ནས་ཡིན་པའི་ཀྲང་ཐིན་ཅང་དང་མཉམ་དུ་སློབ་གྲྭ་གསར་པ་ཞིག་འཛུགས་རྩིས་བྱས།

    2018ལོའི་ཟླ་2པར། ཀྲུང་གོའི་ཚོང་འགྲུལ་གཞུང་ལམ་བརྒྱུད་ནས་ལོ་སིར་ཡོང་སའི་ས་ཆ་དང་པོ་མོང་སའི་རུ་ཀྲང་ཐིན་ཅང་དང་ཞུས་ཧྲུན་ཧུང་གིས་ཨར་པོའི་རྒྱུ་ཆ་གྲ་སྒྲིག་བྱས་ནས་འཆར་གཞི་ལྟར་ན་མི་དམངས་ཤོག་སྒོར་ཁྲི་2500བཏང་ནས་ཀྲུང་ལོ་མཛའ་གྲོགས་སློབ་གྲྭ་དེ་དེ་བས་ཚད་ལྡན་གྱི་སློབ་གྲྭ་ཞིག་ཏུ་བསྐྲུན་རྒྱུ་ཡིན་པ་རེད།

    མིག་སྔར། ཀྲུང་ལོ་མཛའ་གྲོགས་སློབ་གྲྭ་འགྲིམ་བཞིན་པའི་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་བུ་ཕྲུག་ཕུད། མང་ཆེ་བ་ནི་ལོ་སིའི་སློབ་མ་ཡིན། ཀྲུང་ལོ་མཛའ་གྲོགས་སློབ་གྲྭར་ལོ་སིའི་བྱང་རྒྱུད་ཀྱི་ཞིང་ཆེན་ཁག་གི་སློབ་མ་ཡོད་པ་དང་། སློབ་སྦྱོང་གི་སྦྱངས་འབྲས་ལེགས་པའམ་ཡང་ན་ས་ཁུལ་དབུལ་པོའི་སློབ་མར་སློབ་གྲྭས་སློབ་ཡོན་ཆག་ཡང་དང་རྩ་ཆག་གཏོང་གི་ཡོད།

    ཞུས་ཧྲུན་ཧུང་དང་ཀྲང་ཐིན་ཅང་གི་སློབ་གཉེར་འདུ་ཤེས་ལ་ལོ་སིའི་དགེ་རྒན་ཚོའི་ཁས་ལེན་ཐོབ་ཅིང་། ཀྲུང་ལོ་མཛའ་གྲོགས་སློབ་གྲྭའི་བུད་མེད་དགེ་རྒན་ཧུང་ཁན་གྱིས“སློབ་གྲྭ་དེ་ཡོང་འབབ་ཀྱི་ཆེད་དུ་བསྐྲུན་པ་ཞིག་མིན་པར། དེ་བས་མང་བ་ནི་ང་ཚོས་ཤེས་བྱ་སློབ་ཁྲིད་བྱ་ཆེད་བཙུགས་པ་ཞིག་ཡིན”ཞེས་བཤད།

    ཀྲུང་ལོ་མཛའ་གྲོགས་སློབ་གྲྭའི་ཞའོ་ཀྲང་གཞོན་པ་ཀྲན་ཕོང་གིས“སློབ་གྲྭར་མཐའ་འཁོར་སྡེ་ཁུལ་གྱི་དགའ་བསུ་ཐོབ་ནས་མི་མང་པོས་ཁོང་ཚོའི་ཕྲུ་གུ་དེར་སློབ་གྲྭར་སློབ་སྦྱོང་བྱེད་པར་སྐྱེལ་འདོད་ཆེན་པོ་བྱེད་ཀྱི་ཡོད། ངའི་ཕྲུ་གུ་གཉིས་ཀ་དེར་སློབ་གྲྭ་འགྲིམ་བཞིན་ཡོད། སློབ་གྲྭ་འདི་རིག་གནས་སྤེལ་སའི་གནས་ཆུང་ངུ་ཞིག་ཏུ་གྱུར་པ་དང་ཀྲུང་གོའི་ཚོང་པ་འགའ་ཞིག་གི་ཕྲུ་གུ་སློབ་གྲྭར་ཐོག་མར་ཡོང་སྐབས་ལོ་སིའི་སྐད་མི་ཤེས་པ་དང་དུས་ཚོད་གང་ཙམ་སོང་རྗེས་ལོ་སིའི་སྐད་ཤེས་པ་དང་། ལོ་སིའི་ཕྲུ་གུ་དེར་ཐོག་མར་ཡོང་སྐབས་རྒྱ་སྐད་མི་ཤེས་པ་དང་དུས་ཚོད་གང་ཙམ་སོང་རྗེས་ཕྲུ་གུ་ཚོས་སྐད་རིགས་གཉིས་ཀྱི་ཐོག་ནས་སྤེལ་རེས་བྱེད་ཐུབ་ཀྱི་ཡོད”ཅེས་བཤད།

    ཞུས་ཧྲུན་ཧུང་གིས་སློབ་གྲྭར་ལོ་སིའི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱི་ཚད་མཐོའི་གདེང་འཇོག་ཐོབ་པ་དང་རྒྱལ་ནང་གི་རྒྱ་ཡིག་དགེ་རྒན་དང་དང་བླངས་པ་ཡང་སློབ་གྲྭར་ཡོང་གི་ཡོད་ཅེས་ངོ་སྤྲོད་བྱས། ཁོང་གིས་སློབ་གཉེར་ནི་ངའི་མི་ཚེ་འདིའི་རིན་ཐང་ཆེ་ཤོས་ཀྱི་བྱ་བ་ཞིག་ཡིན། “མིའི་མི་ཚེར་དམིགས་ཡུལ་དང་ཕུགས་འདུན་ཡོད་ཚེ། དེའི་ཆེད་དུ་འབད་བརྩོན་དང་འབད་འཐབ་བྱེད་དགོས”ཞེས་བཤད།(ཤིན་ཧྭ་གསར་འགྱུར་ཁང་ཝན་ཐེན་ནས་འབྱོར་པའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།