[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཤེས་བྱའི་བདག་དབང་གི་གྲུབ་འབྲས་ཐོབ་པའི་ཉམས་མྱོང“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་མཉམ་སྤྱོད་བྱེད་རིན་ཡོད་པ།

    འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཧྥུའུ་ལང་ཤིས་སི·ཀའོ་རུའེ་ལ་བཅར་འདྲི་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིའུ་ཆུས་ཀྱིས།    |    སྤེལ་དུས།   2019-04-21

    “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གཉིས་པ་ཟླ་4པའི་ཟླ་མཇུག་ཏུ་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། པེ་ཅིང་དུ་གླེང་སྟེགས་ལ་ཞུགས་པར་ཕེབས་ཉེར་ཡོད་པའི་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཧྥུའུ་ལང་ཤིས་སི·ཀའོ་རུའེ་ཡིས་རི་ནེ་ཝ་སྤྱི་ཁྱབ་པུའུ་རུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ཀྲུང་གོས་ཤེས་བྱའི་བདག་དབང་དེ་འཐབ་ཇུས་ཀྱི་མཐོ་ཚད་ཐོག་བཞག་ནས་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་ཚང་མར་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་མཐོང་ཆེན་པོ་བྱེད་པ་དང་ཆབས་ཅིག ལོ་བཅུ་གྲངས་བསྟུད་མར་ཡུན་རིང་གི་སྲིད་ཇུས་འདོན་རྒྱུ་ཡིན་པའི་ཆོད་སེམས་དེ་ནི“རྒྱུད་གཅིག་ལམ་གཅིག”ལམ་རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་སྤྱོད་བྱེད་རིན་ཡོད་པའི་ཉམས་མྱོང་ཞིག་རེད་ཅེས་བརྗོད་པ་རེད།

    “དང་ཐོག ཀྲུང་གོས(ཤེས་བྱའི་བདག་དབང་སྤྲད་པ)ཚད་མཐོའི་འཐབ་ཇུས་རང་བཞིན་གྱི་གནས་བབ་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་ཆོག ཀྲུང་གོའི་སྔོན་མའི་འགོ་ཁྲིད་དང་ད་ཆའི་འགོ་ཁྲིད་རིམ་ངོས་ནས་ལོ་བཅུ་གྲངས་རིང་གསར་གཏོད་དང་དེང་རབས་དཔལ་འབྱོར་ཁྲོད་ཤེས་བྱའི་བདག་དབང་གི་ནུས་པར་མཐོང་ཧ་ཅང་ཆེན་པོ་བྱེད་པ་དེ་ནི་རྒྱལ་ཁབ་གཞན་དག་གིས་སློབ་སྦྱོང་བྱེད་རིན་ཡོད་པའི་སློབ་ཚན་ཞིག་ཡིན་པ”ཀའོ་རུའེ་ཡིས་ངོས་འཛིན་བྱེད་ཀྱི་འདུག

    དེ་ནས། “ཀྲུང་གོས་ང་ཚོར་མངོན་པར་བྱས་པ་ནི་ཀྲུང་གོའི་ཉམས་མྱོང་རེད། ཤེས་བྱའི་བདག་དབང་དེ་ཞིང་ལས་དང་། བཟོ་ལས། ཞབས་ཞུའི་ལས་རིགས། གྲངས་གཞིའི་དཔལ་འབྱོར་སོགས་ཁྱབ་ཁོངས་ཚང་མ་དང་འབྲེལ་བ་ཡོད། དཔལ་འབྱོར་གྱི་ཕྱོགས་གང་ཅིའི་ཐད་ལ་ཚད་གཞི་གང་རུང་ཞིག་གི་ཐོག་ནས་གསར་གཏོད་དང་ལག་རྩལ་གྱི་ནུས་པའི་ཤུགས་རྐྱེན་ཐེབས་ཡོད། ཀྲུང་གོས་དཔལ་འབྱོར་གྱི་ཁྱབ་ཁོངས་ཚང་མར་རྒྱ་ཁྱབ་ནུས་ལྡན་གྱི་ཤེས་བྱའི་བདག་དབང་གི་བྱེད་ཐབས་ལག་ལེན་བསྟར་ཡོད་པ་དེའང་ཉམས་མྱོང་གལ་ཆེན་ཞིག་རེད”ཅེས་བརྗོད་ཀྱི་འདུག

    གཞན་ཡང་། ཀའོ་རུའེ་ཡིས་ཀྲུང་གོས་ཤེས་བྱའི་བདག་དབང་གི་ཡུན་རིང་སྲིད་ཇུས་མཐའ་འཁྱོངས་བྱེད་པའི་ཆོད་སེམས་ལ་བསྔགས་བརྗོད་བྱེད་ཅིང་། ཁོང་གིས“ཀྲུང་གོས་ལོ་བཅུ་གྲངས་རིང་ཐོག་མཐའ་བར་གསུམ་དུ་སྲིད་ཇུས་དེ་ནན་བཤད་བྱེད་ཀྱི་ཡོད། ལག་རྩལ་གྱི་ནུས་པ་དང་། གསར་གཏོད་ཀྱི་ནུས་པ། ཤེས་བྱའི་བདག་དབང་གི་སྒྲོམ་གཞི་བཅས་ནི་དུས་ཐུང་ཟླ་6གམ་ཡང་ན་ཟླ་12ནང་ཐོབ་ཐབས་བྲལ་བ་ཞིག་རེད། དེར་ཡུན་རིང་གི་ཁས་ལེན་དང་འབད་བརྩོན་བྱེད་དགོས། ཀྲུང་གོའི་ཉམས་མྱོང་གིས་ཀྱང་གནད་དོན་དེ་གསལ་པོ་བསྟན་ཡོད་པ་ངས་ངོས་འཛིན་བྱེད་ཀྱི་ཡོད”ཅེས་བརྗོད་ཀྱི་འདུག

    འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་འདི་ལོ་ཡོངས་བསྒྲགས་བྱས་པའི་ལོ་འཁོར་གྱི་སྙན་ཞུའི་ནང་མངོན་གསལ། 2018ལོར། ཀྲུང་གོ་འདི་ཉིད་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་མཁན་རྒྱལ་ཁབ་ཆེ་གྲས་གཉིས་པར་གྱུར་པ་དང་། ཀྲུང་གོའི་ཧྭ་ཝུའེ་ཀུང་སིས་རྒྱལ་སྤྱིའི་ཁེ་བེད་བདག་ཐོབ་ཁག་5405རེ་ཞུ་བྱས་ནས་ཁེ་ལས་ཀྱི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་ཚད་ཀྱི་ཨང་དང་པོར་སླེབས་ཤིང་། “འདི་ནི་ལོ་རྒྱུས་ཐོག་ཀུང་སི་ཞིག་གིས་བཏོད་པའི་ཟིན་ཐོ་མཐོ་ཤོས་ཤིག་རེད” གཞན་ཡང་། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་སོགས་སྒྲིག་གཞིས་ཡོངས་བསྒྲགས་བྱས་པའི་2018ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་ཀྱི་སྙན་ཞུའི་ནང་མངོན་གསལ། ཀྲུང་གོ་འདི་ཉིད་འཛམ་གླིང་གི་གསར་གཏོད་ནུས་པ་ལྡན་ཤོས་ཀྱི་དཔལ་འབྱོར་དངོས་ཚན་ཆེ་གྲས་20ཡི་གྲས་སུ་ཐེངས་དང་པོ་ཚུད་པ་དང་བང་རིམ་ཨང་17ལ་སླེབས་ཀྱི་ཡོད་པ་རེད།

    ཀའོ་རུའེ་ཡིས་གྲངས་གཞི་དེ་དག་ཧ་ཅང་གལ་ཆེན་པོ་རེད། དེ་ཐོག་ནས་ཀྲུང་གོའི་དཔལ་འབྱོར་གྱི་ཁས་ལེན་མཚོན་ཡོད་དེ། ཤེས་བྱའི་བདག་དབང་སྤྱོད་པ་དང་སྦྲགས་ཤེས་བྱའི་བདག་དབང་དེ་ཁེ་ལས་ཀྱི་འགྲན་རྩོད་ཁྲོད་ཀྱི་འཐབ་ཇུས་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་བརྩིས་ཡོད། དེ་དང་ཆབས་ཅིག་གྲངས་གཞི་དེ་དག་ཀྱང་མིག་སྔའི་ངོས་ནས་བརྗོད་ན་ལག་རྩལ་གསར་གཏོད་ལ་བསྡུར་ཞིབ་བྱེད་པའི་དམིགས་ཚད་ཡག་ཤོས་ཤིག་རེད། གང་ཡིན་ཟེར་ན་ཁེ་བེད་བདག་ཐོབ་ཀྱིས་ངོ་བོའི་ཐོག་ནས་ལག་རྩལ་གསར་པ་མཚོན་གྱི་ཡོད། ཧྭ་ཝུའེ་དང་དེ་བཞིན་ཀྲུང་གོའི་ཁེ་ལས་གཞན་དག་མང་པོའི་མཚོན་ཚུལ་ངོས་ནས་བལྟས་ན། ཞིབ་སྤེལ་དང་གསར་གཏོད་ཐད་ཀྲུང་གོ་དང་ཀྲུང་གོའི་ཁེ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ཅེས་བརྗོད་ཀྱི་འདུག

    “རྒྱུད་གཅིག་ལམ་གཅིག”དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་འབྲེལ་བ་དམ་ཟབ་སྐོར་གླེང་སྐབས། ཀའོ་རུའེ་ཡིས“རྒྱུད་གཅིག་ལམ་གཅིག”གིས་ཚོང་དོན་དང་ཚོང་ལས་བྱེད་སྒོར་སྐུལ་འདེད་བཏང་བར་བརྟེན་ནས་རྒྱལ་ཁབ་ཁག་གི་མཉམ་འགུལ་ནུས་པ་ཆེ་རུ་གཏོང་གི་ཡོད། བརྒྱུད་རིམ་འདིའི་ནང་། ཤེས་བྱའི་བདག་དབང་རྩ་འཛུགས་ནང་ཚུད་པའི་ཕྱོགས་མང་སྒྲོམ་གཞིའི་སྒྲིག་ལམ་དང་། འབྲེལ་ཡོད་ཁེ་བེད་བདག་ཐོབ། ཚོང་རྟགས། ཇུས་འགོད་སོགས་ཀྱི་བདག་དབང་སྲུང་སྐྱོང་ལམ་སྲོལ་དང་དེ་བཞིན་འབྲེལ་ཡོད་ཆ་འཕྲིན་གྱི་ལག་རྩལ་རྨང་གཞིའི་སྒྲིག་བཀོད་སོགས་ཚང་མས་ནུས་པ་ཆེན་པོ་ཐོན་ཐུབ་པའི་ངོས་འཛིན་བྱེད་ཀྱི་འདུག

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།