[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ​ ཕྱི་འབྲེལ་པུས།

    ​ ལྷོ་ཨ་ཧྥེ་རི་ཁའི་འདེམས་བསྐོ་ཆེ་མོར་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ལ་འདེམས་ཤོག་ཐོབ་པར་རྟེན་འབྲེལ་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས་ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་འདེམས་བསྐོ་ཆེ་མོར་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ལ་འདེམས་ཤོག་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད་ཅེས་གསུངས།

    ཚེས་11ཉིན། ལྷོ་ཨ་ཧྥེ་རི་ཁའི་རང་བཙན་འདེམས་བསྐོ་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་འདེམས་ཤོག་གྲངས་ཀའི་འབྲས་བུ་གཞིར་བཟུང་། 2019ལོའི་ལྷོ་ཨ་ཧྥེ་རི་ཁའི་འདེམས་བསྐོ་ཆེ་མོར་སྲིད་འཛིན་ཏང་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ལ་རྒྱལ་ཁ་ཐོབ་པ་རེད།

    ཀེང་ཧྲོང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུར་འབྲེལ་ཡོད་འདྲི་བར་ལན་བསྐྱོན་སྐབས། ལྷོ་ཨ་ཧྥེ་རི་ཁ་ནི་ས་ཁུལ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་ཤུགས་རྐྱེན་གལ་ཆེན་ལྡན་པའི་ཨ་ཧྥེ་རི་ཁ་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་ཞིག་རེད། ད་ཐེངས་ལྷོ་ཨ་ཧྥེ་རི་ཁའི་འདེམས་བསྐོ་ཆེ་མོར་ཕྱོགས་ཁག་གི་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། འདེམས་བསྐོའི་ལས་དོན་སྒྲིག་འཛུགས་ནུས་ལྡན་དང་ཞི་བདེ་དང་གོ་རིམ་ལྡན་ལ་འདེམས་བསྐོ་ཆེ་མོར་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་ལ་འདེམས་ཤོག་མང་པོ་ཐོབ་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ལྷན་གྱིས་ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱི་རྒྱལ་ཡོངས་ལག་བསྟར་ཨུ་ལྷན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཡོད་ཅེས་གསུངས།

    ཁོང་གིས“ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཨ་ཧྥེ་རི་ཁ་བའི་རྒྱལ་དམངས་ཚོགས་ཆེན་གྱིས་འགོ་འཁྲིད་པའི་ལྷོ་ཨ་ཧྥེ་རི་ཁའི་སྐབས་གསར་པའི་སྲིད་གཞུང་དང་མཉམ་དུ་ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་ལ་ཤུགས་སྣོན་དང་དངོས་གཉེར་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད”ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།