[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སེང་རྩེད་རྩེ་མཁན་ཨ་རིའི་ཁྱིམ་ཚང་འདིར་གཟིགས་དང་།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    624363_yis_1558415872159_b.jpg

    ཨ་རིའི་ཧྲེན་ཏེ་ཀར་ཨ་ཝ་ལིན་གྱིས་ལག་ཏུ་སེང་མགོའི་འཁྲབ་ཆས་འཁྱེར་བ།

    624362_yis_1558415872034_b.jpg

    ཨ་རིའི་ཧྲེན་ཏེ་ཀར་ཨ་པུ་ཏེའི་ནང་མི་ཚོས་སེང་གེ་འཁྲབ་རྗེས་དྲན་རྟེན་པར་རྒྱག་བཞིན་ཡོད་པ།

    སྤྲོ་སེམས་རྒྱས་པའི་རྔ་སྒྲ་དང་བཅས་ཨ་རིའི་ཧྲེང་ཏེ་ཀེའི་ཤིས་ལའེ་ཏེང་ཨར་ཁང་གི་སྤང་ལྗོངས་སྟེང་ཚོས་མདོག་རྣམ་པར་བཀྲ་བའི་སེང་གེ་གཉིས་ཀྱིས་མཆོང་བ་དང་། སྐོར་བ། འཕག་འཚག་རྒྱག་པ་བཅས་བྱས་ཏེ་སྐབས་རེ་གཟི་རྔམ་ཆེ་ལ་སྐབས་རེ་རྩེད་མོ་རྩེས་པར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སེང་རྩེད་རྩེ་མཁན་གྱི་འཁྲབ་སྟོན་གྱིས་སྐབས་12པའི་ཨ་རི་ཡོངས་ཀྱི་རྒྱ་ཡིག་ཚོགས་ཆེན་ནང་ཞུགས་མཁན་སྐུ་མགྲོན་མང་པོའི་ཡིད་དབང་འཕྲོག་པ་རེད།

    འཁྲབ་སྟོན་མཇུག་འགྲིལ་རྗེས་འཁྲབ་སྟོན་པས་སེང་གེའི་མགོ་བོ་ཕུད་སྐབས་ལྟད་མོ་བས་འཁྲབ་སྟོན་པ་ནི་ཀྲུང་གོ་བ་མིན་པ་ཤེས་ནས་ཧང་སངས་པ་མ་ཟད། བྱད་བཞིན་ལེགས་པའི་ན་ཆུང་ཕོ་མོ་དེ་དག་ཁྱིམ་ཚང་གཅིག་ཡིན་ཞིང་། དེ་དག་ནི་ལོ་11ལ་སླེབས་པའི་མཚེ་མ་གསུམ་སྟེ་ཨ་ན་སི་ཐ་ཤེ་དང་། ལུའུ་གཱ། ཨ་ཝ་ལིན་བཅས་དང་ལོ་12ལ་སླེབས་པའི་གཅེན་མོ་མ་ཀེ་ཏ་ལའེ་ན་ཡིན་པ་རེད། རྔ་རྡུང་མཁན་ནི་ཁོང་ཚོའི་ཕ་མ་ཉི་ཀུའུ་ལ་སི· ཨ་པུ་ཏེ་དང་ཡ་ལི་ཧྲན་ཏེ་ལ·ཆི་སེ་མུའུ་ཡིན་པ་དང་བསམ་ཡུལ་ལས་འདས་པར་ནང་མི་དེ་དག་གིས་བརྙན་ལམ་བརྒྱུད་སེང་རྩེད་རྩེ་སྟངས་རང་སྦྱོང་བྱས་པ་ཞིག་རེད།

    མ་ཀེ་ཏ་ལའེ་ན་ཡིས་གསར་འགོད་པར“ང་ཚོ་ནང་མི་ཚང་མ་མཉམ་དུ་སེང་རྩེད་རྩེ་པ་དེ་དོན་སྙིང་ལྡན་པ་ཞིག་ཡིན་ལ་ཚང་མ་དགའ་པོ་ཡོད”ཅེས་བཤད།

    ཕྲུ་གུ་བཞི་པོས་ཆུང་དུས་ནས་རྒྱ་ཡིག་སྦྱོང་བ་དང་རྒྱ་སྐད་ཐོག་ནས་སྐད་ཆ་ཕྲན་བུ་ཤོད་ཤེས་ཀྱི་ཡོད། ཁོང་ཚོས་རྒྱ་ཡིག་ཐོག་ནས་རང་ཉིད་ཀྱི་རྒྱ་ཡིག་མིང་། ཨེ་ལི་ན་དང་། ཨེ་ཏན་ཆི། ཨེ་ལུའོ། ཨེ་ཝེ་ཝེ་ཞེས་བྲིས།

    ཁོང་ཚོའི་ཕ་ཨ་པུ་ཏེ་ནི་ལི་པ་ནོན་ནས་ཡིན་པ་དང་བཟོ་བཀོད་མཁན་ཞིག་ཡིན་ལ་མ་ཡ་ལི་ཧྲན་ཏེ་ལ་· ཆི་སེ་མུའུ་ནི་ཨ་རི་བ་ཞིག་ཡིན་པ་དང་ཕྱུགས་རིགས་སྨན་པ་ཞིག་ཡིན་ཞིང་། རྒྱལ་སྤྱི་ཅན་གྱི་ཁྱིམ་ཚང་གི་རྒྱབ་ལྗོངས་དེ་ལས་ནང་མི་དེ་དག་གིས་རིག་གནས་མི་འདྲ་བ་དེ་བས་མང་བ་དང་འབྲེལ་གཏུག་བྱེད་འདོད་ཡོད་པ་རེད། ནང་མི་དེ་དག་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པར་ཐེངས་མང་འགྲོ་མྱོང་བ་དང་ཁོང་ཚོས་ཀྲུང་གོའི་རིག་གནས་ནི་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་སྙམ་ནས་ཕྲུ་གུ་ཚོས་རྒྱ་ཡིག་སྦྱོང་རྒྱུའི་གདམ་ག་བྱས།

    ཆི་སེ་མུའུ་ཡིས་གཅེན་མོ་མ་ཀེ་ཏ་ལའེ་ན་ནི་རྒྱ་ཡིག་སྦྱོང་སྔ་ཤོས་ཡིན་པ་དང་ཁོང་གིས་གཅེན་གཅུང་ཚོར་བག་ཆགས་བཟང་པོ་བཞག་ཡོད་ཅེས་བཤད་པ་དང་། མ་ཀེ་ཏ་ལའེ་ན་ཡིས“ངས་རྒྱ་ཡིག་སྦྱོང་དོན་ནི་ང་ཚོས་རྒྱ་སྐད་ཤོད་སྐབས་ཨ་མས་གོ་མི་ཐུབ་པས་ཡིན”ཞེས་ཀུ་རེའི་ཚུལ་གྱིས་བཤད།

    ཨ་ན་སི་ཐ་ཤེས་གསར་འགོད་པར་སེང་རྩེད་རྩེ་སྟངས་སྦྱོང་བ་ཕུད། ཁོང་ཚོས་ད་དུང་ཀྲུང་གོའི་ཡིག་གཟུགས་དང་། བརྒྱངས་དཀྲོལ་རོལ་མོ། ཇའི་སྒྱུ་རྩལ་སོགས་སོ་སོར་སྦྱངས་པ་དང་ཁོང་རང་ཉིད་ཐའེ་ཅི་དྲག་རྩལ་ལ་དགའ་པོ་ཡོད་ཅིང་། དེས་མི་སེམས་ལྷོད་དུ་ཕབ་ཐུབ་པས་ཡིན་ཞེས་བཤད།

    ཧྲེང་ཏེ་ཀེ་ཀྲོའུ་བཙུགས་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཨ་རི་ཕྱོགས་ཀྱི་ཡོན་ཀྲང་ལིའུ་ལིས་རུང་གིས་ཨ་པུ་ཏེའི་ནང་མིས་ཀྲུང་གོའི་རིག་གནས་ལ་དགའ་པོ་བྱེད་ཅིང་། རྒྱ་ཡིག་སྦྱོང་བ་ནས་སེང་རྩེད་རྩེ་རྒྱུ་སྦྱོང་བ་སོགས་བར་གྱི་ཀྲུང་གོའི་རིག་གནས་ལ་ནང་མི་ཚོས་རིམ་བཞིན་ཤེས་རྟོགས་གཏིང་ཟབ་བྱེད་བཞིན་ཡོད་ཅེས་བཤད།

    ཨ་པུ་ཏེའི་ནང་མི་ཚང་མ་དེ་སྔ་ཀྲུང་གོར་ཡུལ་སྐོར་དང་ལྟ་སྐོར་བྱེད་པར་ཐེངས་གཉིས་འགྲོ་མྱོང་བ་དང་ཀྲུང་གོས་ཕྲུ་གུ་ཚོར་བག་ཆགས་གཏིང་ཟབ་བཞག་པ་དང་ཀྲུང་གོའི་རིག་གནས་ཐད་ཀར་མྱོང་ཚོར་ཐུབ་སྟེ་རྒྱ་ཡིག་སྦྱོང་བའི་དགའ་སྣང་དེ་བས་ཆེ་རུ་ཕྱིན་ཡོད། ད་ཆ་ནང་མི་དེ་དག་གིས་རྟག་ཏུ་ཀྲུང་གོའི་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་ནང་ཞུགས་ཏེ་སེང་རྩེད་རྩེ་བ་དང་། བརྒྱངས་དཀྲོལ་རོལ་མོ་དཀྲོལ་བ། ཇའི་རིག་གནས་སོགས་ནང་ཞུགས་ནས་སྤོབས་སེམས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།