[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྲིང་བལ་ལུས་ལ་འཇམ། མཉམ་ལས་སེམས་པ་སྐྱིད།

    ​ ——ཐ་ག་་ཐན་དུ་ཡོད་པའི་ཀྲུང་གོའི་འཁེལ་འཐག་ཁེ་ལས་ཀྱིས་དམངས་སེམས་འདུ་འགོད་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-12

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་ཞའོ་དང་། ཀྲང་ཅི་ཡེ། ལེའོ་པིང་ཆིང་།

    ལོ་གསུམ་གོང་། ཝ་ཤིས་ཐེས་རླངས་འཁོར་བཏང་ནས་ཀྲུང་གོ་ཕྱོགས་ཀྱི་ཁེ་ལས་ལ་སྲིང་བལ་རྩིས་སྤྲོད་པའི་ལམ་བར་དུ་ཟོག་འདྲེན་རླངས་འཁོར་སྟབས་མ་ལེགས་པར་མགོ་རྟིང་ལོག་ནས་རླངས་འཁོར་ནང་བླུགས་པའི་སྲིང་བལ་གང་སར་འཐོར་བ་རེད། གནས་ཚུལ་དེ་ཤེས་འཕྲལ་ཀྲའོ་ཅན་ལུང་གིས་བྱེ་རྡུལ་རླུང་འཚུབ་དང་ཀྱག་ཀྱོག་ཆེ་བའི་རི་ལམ་སོགས་ཀྱི་དཀའ་ངལ་སྣ་ཚོགས་ཁྱད་བསད་ཀྱིས་ཆེད་མངགས་ཝ་ཤིས་ཐེའི་ཕ་ཡུལ་ཧྥེན་ཁྲེ་གྲོང་རྡལ་དུ་ཁོང་དང་ནང་མིར་འཚམས་འདྲི་བྱེད་པར་བསྐྱོད་པ་མ་ཟད། ད་དུང་ཁོང་ལ་ཀྲུང་གོ་ཕྱོགས་ཀྱིས་རླངས་འཁོར་ནང་གི་སྲིང་བལ་ཚང་མ་ཉོ་གི་ཡིན་ཞེས་བཤད། དེ་དག་ཐོས་འཕྲལ་ཝ་ཤིས་ཐེ་སེམས་འགུལ་ཚད་མེད་ཐེབས།

    ལོ་མང་རིང་། ཀྲའོ་ཅན་ལུང་གིས་སྔར་ནས་བཟུང་དམངས་སེམས་ནི་རྒྱལ་ཁབ་གཉིས་པོའི་དབར་མཉམ་ལས་བྱེད་པའི་སྲོག་ཤིང་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་ཐེ་དར་གོས་ལམ་བུ་གསར་པའི་ཐ་ག་་ཐན་གྱི་ཞིང་ལས་འཁེལ་འཐག་ཐོན་ལས་གླིང་ནི་དམངས་སེམས་འདུ་འགོད་ཀྱི་རྣམ་གྲངས་གལ་ཆེན་ཞིག་རེད།

    2014ལོར་ཤིན་ཅང་ཀྲུང་ཐེ(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སི་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་ཀྲུང་ཐའེ་དར་གོས་ལམ་བུ་གསར་པའི་ཐ་ག་་ཐན་གྱི་ཞིང་ལས་འཁེལ་འཐག་ཐོན་ལས་གླིང་གི་རྣམ་གྲངས་མཉམ་དུ་ལག་ལེན་བསྟར་བ་དང་། ས་གནས་དེ་གར་དེང་རབས་ཅན་གྱི་སྲིང་བལ་ཐོན་ལས་རྟེན་གཞི་བཏོད་ཡོད།

    “རི་མཐོའི་རྒྱལ་ཁབ”ཏུ་གྲགས་པའི་ཐ་ཇིག་སི་ཐན་དུ་རྨོ་ཞིང་ཉུང་ཡང་ཏན་ཅ་ལ་གཤོངས་སར་ཚ་དྲོད་ལེགས་ལ་གནམ་གཤིས་འཚམ་པོ་ཡོད་པས། འཛམ་གླིང་ཐོག་གི་སྤུས་ལེགས་སྲིང་བལ་ཐོན་ཁུལ་གལ་ཆེན་དུ་གྱུར་ཡོད། འོན་ཀྱང་འཁེལ་འཐག་བཟོ་ལས་ཀྱི་སྒྲིག་ཆས་རྙིང་བ་དང་བཟོ་རྩལ་རྗེས་ལུས་ཡིན་པའི་དབང་གིས་ས་གནས་དེ་གའི་སྲིང་བལ་འདེབས་འཛུགས་ཀྱི་ལེགས་ཆ་འདོན་སྤེལ་ཐུབ་མེད།

    “ང་ཚོས་སྲིང་བལ་འདེབས་འཛུགས་ཀྱི་ཆུ་ཚད་མཐོ་རུ་བཏང་བ་མ་ཟད། ད་དུང་སྲིང་བལ་འཁེལ་འཐག་གི་ཐོན་ལས་འཁོར་འབྲེལ་ལེགས་སུ་བཏང་སྟེ། ཐ་ཇིག་སི་ཐན་ཕྱོགས་ལ་ཕྱི་རྒྱལ་གྱི་ཁྲོམ་ར་རྒྱ་ཆེར་གཏོང་རོགས་བྱས་པ་ཡིན”ཞེས་ཀྲའོ་ཅན་ལུང་གིས་ཁོང་གི་བཟོ་གྲྭར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་པ་དང་། ཁོང་གིས་སྲིང་བལ་འདེབས་འཛུགས་ནས་འཐུ་བ་དང་། སྲིང་སྐུད་བསླས་པའི་བར་གྱི་ལས་རིམ་ནི་ཐ་ཇིག་སི་ཐན་གྱི་ཁེ་ལས་གྲས་ནས་རྩེ་གྲ་ཡིན་ཞེས་བཤད།

    མིག་སྔར་ཀྲུང་ཐེ་འཁེལ་འཐག་བཟོ་གྲྭའི་ལོའི་སྲིང་སྐུད་འཁེལ་ཚད་སྐུད་འཕང་ཁྲི་15ཟིན་པ་དང་། དེས་ཐ་ཇིག་སི་ཐན་གྱི་འཁེལ་འཐག་ཐོན་འབོར་གྱི་80%བཟུང་གི་ཡོད་པ་རེད། ཀྲུང་ཐེ་འཁེལ་འཐག་བཟོ་གྲྭར་ལས་མི་630ལྷག་ཡོད་པའི་ནང་ཐ་ཇིག་སི་ཐན་ཕྱོགས་ཀྱི་ལས་མི་600ཙམ་ཡོད་པ་རེད།

    འཁེལ་འཐག་ཆེད་ལས་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད། ཏན་ཅ་ལ་མི་རིགས་སློབ་ཆེན་དང་། ཏན་ཅ་ལ་རྒྱལ་བཙུགས་སློབ་ཆེན། ཏན་ཅ་ལ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན་བཅས་སུ་འཁེལ་འཐག་གསོ་སྦྱོང་འཛིན་གྲྭ་གཉེར་ཡོད། གཞན་ཡང་། མཐའ་འཁོར་བཟོ་གྲྭས་ད་དུང་ཀྲུང་ཐེ་འཁེལ་འཐག་བཟོ་གྲྭའི་མངགས་ཐོ་ལེན་པ་དང་། ཁོང་ཚོའི་སྒྲིག་ཆས་ལ་བཟོ་བཅོས་དང་ཉམས་བཟོ་བྱེད་ཀྱི་ཡོད། ཀྲུང་ཐེ་འཁེལ་འཐག་བཟོ་གྲྭས་ས་གནས་དེ་གའི་སོ་ནམ་ལས་ལ་ཞུགས་མཁན་གྱི་གྲོང་མི་མང་པོ་དེང་རབས་ཅན་གྱི་ཐོན་ལས་བཟོ་པར་འགྱུར་རོགས་བྱས་པ་མ་ཟད། ད་དུང་མཐའ་འཁོར་གྱི་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ནས། ཐ་ཇིག་སི་ཐན་གྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།