[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས།

    ​ ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་རྣམ་པ་གང་རུང་གི་ཐོག་ནས་ཤང་ཀང་གི་གནད་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་བཏོན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-13

    ཚེས་11ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀེང་ཧྲོང་གིས། ཨ་རི་ཕྱོགས་ཀྱིས་ཤང་ཀང་གི་གནད་དོན་ལ་རྒྱུན་ཆད་མེད་པར་མཐོ་བཤད་དམའ་བཤད་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཡི་མི་རང་བའི་རྣམ་འགྱུར་དྲག་པོ་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ་ཨ་རི་ཕྱོགས་ཀྱིས་རྣམ་པ་གང་རུང་གི་ཐོག་ནས་ཤང་ཀང་གི་གནད་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་འདོན་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཚེས་10ཉིན་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས《བྲོས་བྱོལ་ཉེས་ཅན་པའི་སྲོལ་ཡིག》དང《ཉེས་དོན་དོན་དག་གི་ཕན་ཚུན་བཅའ་ཁྲིམས་རམ་འདེགས་སྲོལ་ཡིག》ལ་བཟོ་བཅོས་རྒྱག་རྩིས་ཡོད་པར་ཨ་རི་ཕྱོགས་ཀྱིས་དོ་ཁུར་བྱེད་ལུགས་བསྟན་ནས་སྲོལ་ཡིག་བཟོ་བཅོས་བརྒྱབ་ན་ཤང་ཀང་གི་དམིཌ་བསལ་གནས་བབ་ལ་གནོད་སྲིད་ཅེས་བཤད་ཡོད། ཀྲུང་གོ་ཕྱོཌ་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པར།

    ཀེང་ཧྲོང་གིས། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྲོལ་ཡིག་བཟོ་བཅོས་ལས་དོན་ལ་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཉན་པ་དང་སྲོལ་ཡིག་བཟོ་བཅོས་ཀྱི་འཆར་ཟིན་ལ་ལེགས་སྒྲིག་ཐེངས་གཉིས་བྱས་ནས་འབྲེལ་ཡོད་གྲོས་འགོར་ལན་ཧུར་ཐག་བསློགས་ཡོད། ཀྲུང་དབྱང་སྲིད་གཞུང་གིས་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས“སྲོལ་ཡིག་གཉིས”བཟོ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད།

    ཀེང་ཧྲོང་གིས། ཤང་ཀང་མེས་རྒྱལ་པང་དུ་ལོག་རྗེས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཤང་ཀང་བས་ཤང་ཀང་སྐྱོང་བ”ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱུང་བ་དང་། ཤང་ཀང་གི་གྲོང་མིར་ལོངས་སུ་སྤྱོད་རྒྱུ་ཡོད་པའི་ཁེ་དབང་སྣ་ཚོགས་དང་རང་དབང་ལ་ཁྲིམས་ལྟར་འགན་སྲུང་གང་ལེགས་ཐོབ་ཡོད་པས་ཤང་ཀང་རྒྱལ་སྤྱིའི་སྒྲིག་གཞི་མང་དག་ཅིག་གིས་གོ་ལ་ཧྲིལ་པོའི་རང་མོས་ཆེ་ཤོས་ཀྱི་དཔལ་འབྱོར་དངོས་ཚན་དང་འགྲན་རྩོད་ཆེ་ཤོས་ལྡན་པའི་ས་ཁུལ་གྱི་གྲས་ཤིག་ཏུ་བདམས་ཡོད་ཅེས་བརྗོད།

    “ངས་སླར་ཡང་ནན་བཤད་བྱེད་འདོད་པ་ནི། ཤང་ཀང་གི་གནད་དོན་ཚང་མ་ཀྲུང་གོའི་ནང་སྲིད་ཡིན་པས་རྒྱལ་ཁབ་དང་། རྩ་འཛུགས། མི་སྒེར་བཅས་གང་ཞིག་ལའང་ཐེ་ཇུས་བྱེད་དབང་མེད། ཨ་རི་ཕྱོགས་ཀྱིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲོལ་ཡིག་བཟོ་བཅོས་རྒྱག་པའི་ཐད་འགན་མི་ཁུར་བའི་ནོར་འཁྲུལ་གཏམ་བཤད་དང་ཤང་ཀང་གི་གནད་དོན་ལ་རྒྱུན་ཆད་མེད་པར་མཐོ་བཤད་དམའ་བཤད་བྱས་པར་ཀྲུང་གོ་ཕྱོགས་ཀྱིས་ཡི་མི་རང་བའི་རྣམ་འགྱུར་དྲག་པོ་སྟོན་རྒྱུ་དང་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ང་ཚོས་ཤང་ཀང་དམིཌ་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་ཁྲིམས་ལྟར་སྲོལ་ཡིག་བཟོ་བཅོས་རྒྱག་པར་ཨ་རི་ཕྱོགས་ཀྱིས་ལྟ་སྟངས་ལུགས་མཐུན་དང་དྲང་གཞག་འཛིན་པ་དང་གཏམ་སྤྱོད་གང་ལའང་བག་ཟོན་བྱས་ཏེ་རྣམ་པ་གང་རུང་གི་ཐོག་ནས་ཤང་ཀང་གི་གནད་དོན་དང་ཀྲུང་གོའི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པའི་བླང་བྱ་འདོན་རྒྱུ་ཡིན”ཞེས་ཀེང་ཧྲོང་གིས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།