[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱལ་ཁབ་གློག་དྲའི“གྲོང་གསེབ་ཏུ་འོད་སྣང་སྦྱིན་པའི”རྣམ་གྲངས་ལས་ཧྥི་ལི་ཕིན་གྱི་ཐག་རིང་རི་ཁུལ་དུ་ཕན་པ་ཐོབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲེན་ཤིན་དང་ཤ་ཕུང་གིས།    |    སྤེལ་དུས།   2019-06-13

    631565_yis_1560307095188_s.jpg

    འདི་ནི་ཧྥི་ལི་ཕིན་བྱང་རྒྱུད་ཀྱི་ཐག་རིང་རི་ཁུལ་གྱི་པཱ་ལི་ཝ་ཐེ་གྲོང་ཚོར་ཡུལ་མི་ཏི་ཨོ་ནེ་སི་ཐོ་·ཨེ་སི་ཐེ་ཝན་གྱིས་ཉི་ནུས་གློག་ཁང་དུ་གློག་ཤུགས་སྒྲིག་ཆས་ལ་རྒྱུན་གཏན་གྱི་ཞིབ་བཤེར་དང་ཉམས་བཟོ་བྱེད་བཞིན་ཡོད་པ།

    ཧྥི་ལི་ཕིན་གྱི་རྔོན་པ་ཏི་ཨོ་ནེ་སི་ཐོ་·ཨེ་སི་ཐེ་དབན་གྱིས་རང་ཉིད་ཀྱི་མི་ཚེ་དང་རང་ཉིད་གནས་སའི་གྲོང་ཚོར་འདི་ལོ་ཀྲུང་གོས་རོགས་སྐྲུན་བྱས་པའི་ཉི་འོད་ནུས་པའི་གློག་ཁང་ལས་འཕོ་འགྱུར་ཆེན་པོ་བྱུང་བ་བསམ་ཡུལ་ལས་འདས་ཡོད།

    ཨེ་སི་ཐེ་དབན་ཧྥི་ལི་ཕིན་བྱང་རྒྱུད་ཀྱི་སན་མེའོ་ལི་ཧྲི་ཞིང་ཆེན་ཧྲེང་མཱ་སའེ་ལི་ནུའོ་གྲོང་ཁྱེར་གྱི་ཐག་རིང་རི་ཁུལ་གྱི་པཱ་ལི་ཝ་ཐེ་གྲོང་ཚོར་སྡོད་ཀྱི་ཡོད་པ་དང་དེ་གའི་མི་ཚོས་ཕྱིའི་འཛམ་གླིང་དང་འབྲེལ་ཐག་ཆོད་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་དང་གཉིས་སུ་མ་མཆིས། དེ་གར་གློག་དང་ཆུ་ཀ་ལ་མེད་ལ་དེ་བས་འཕྲིན་གཏོང་དྲ་རྒྱའང་མེད། འདི་ལོའི་ཟླ་དྲུག་པར་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སིའི་དོན་གཅོད་ཁང་གིས་ས་གནས་དེར་བསྐྲུན་པའི་ཉི་འོད་ནུས་པའི་གློག་ཁང་ཞིག་གསར་སྤེལ་ཚོད་ལྟ་བྱེད་འགོ་ཚུགས་པས་གྲོང་ཚོའི་ནང་གི་མི་ཚོར་གློག་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད།

    ཚུན་ཀྲང་ཨེར་ཤིས·དབྱི་སི་ཐ་དབན་གྱིས་གསར་འགོད་པར་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་དཔལ་འབྱོར་རྗེས་ལུས་ཡིན་པའི་དབང་གིས་གྲོང་ཚོའི་ནང་གི་མི་རྣམས་ཀྱིས་གདོད་མའི་འཚོ་བ་ལྟར་སྐྱེལ་བ་དང་། མཚན་མོའི་གློག་སྒྲོན་དེ་ལག་ཁྱེར་གློག་བཞུར་བརྟེན་དགོས་ཀྱི་ཡོད། འདི་ལོའི་ལོ་སྟོད་དུ་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སིའི་དོན་གཅོད་ཁང་གིས་ཧྥི་ལི་ཕིན་ཕྱོགས་ཀྱི་འབྲེལ་ཡོད་ཚན་པ་དང་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་དེ“གྲོང་གསེབ་ཏུ་འོད་སྣང་སྦྱིན་པའི”དབུལ་སྐྱོར་གློག་གཏོང་གི་རྣམ་གྲངས་ལག་ལེན་བསྟར་ཏེ་པཱ་ལི་ཝ་ཐེ་གྲོང་ཚོར་ཉི་འོད་ནུས་པའི་གློག་སྨན་ལེབ་མོ་བཏིང་ནས་ས་གནས་འདིར་འོད་སྣང་སྦྱིན་ཡོད་པ་རེད།

    ཟླ་བཞི་ལྷག་ཙམ་འཛུགས་སྐྲུན་བྱས་པ་བརྒྱུད་རྣམ་གྲངས་དེ་ཟླ་དྲུག་པའི་ཟླ་མཇུག་ཏུ་དངོས་སུ་འཁོར་སྐྱོད་བྱེད་འགོ་འཛུགས་རྒྱུ་དང་། ཟླ་འདིའི་ཟླ་སྟོད་དུ་འགོ་བཙུགས་པའི་ཚོད་ལྟའི་འཁོར་སྐྱོད་ཀྱི་དུས་མཚམས་ནས་ཡུལ་མི་ཚོས་གློག་སྒྲོན་དང་། གློག་སྒུལ་རླུང་གཡབ། བརྙན་འཕྲིན་བཅས་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད།

    ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སིའི་དོན་གཅོད་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་མིང་གིས་གསར་འགོད་པར་རྣམ་གྲངས་དེས་ཉི་འོད་ནུས་པའི་གློག་དྲ་ཆུང་གྲས་སྤྱད་དེ་གཅིག་སྡུད་ཐོག་གློག་གཏོང་བ་དང་གྲོང་ཚོའི་ནང་གི་ས་ཁོད་སྙོམས་པའི་ས་ཆ་གཉིས་སུ་ཉི་འོད་ནུས་པའི་གློག་སྨན་ལེབ་མོ་200ལྷག་ཙམ་བཏིང་བ་དེས་ས་ཁྱོན་སྨི་ངོས་གྲུ་1000ཙམ་བཟུང་བ་དང་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་76ཟིན་པ་དང་གློག་སྨན་གྱི་གློག་གསོག་ཚད་ཆན་ཝ་ཆུ་ཚོད་390ཟིན་ཡོད་པ་རེད། “གློག་ཁང་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་རྗེས་གྲོང་ཚོའི་ནང་གི་ཡུལ་མི་1000ལྷག་ཙམ་དང་སློབ་གྲྭ་གཉིས་ཀྱི་སློབ་མ་108ཚུད་པའི་རྒྱུན་གཏན་གྱི་གློག་མཁོ་གཞི་རྩའི་ཆར་སྐོང་ཐུབ་ཀྱི་ཡོད”ཅེས་བརྗོད་བྱུང་།

    ཧྥི་ལི་ཕིན་གྱི་སློབ་གྲྭ་འབྲིང་ཆུང་ཚང་མ་ཟླ་དྲུག་པར་སློབ་དུས་གསར་པ་འགོ་ཚུགས་ཀྱི་ཡོད། དཀར་ཆ་དོད་ཅིང་བསིལ་བའི་སློབ་ཁང་ནང་པཱ་ལི་ཝ་ཐེ་སློབ་ཆུང་གི་ཕྲུ་གུ་ཚོ་ཧ་ཅང་དགའ་པོ་བྱུང་ཡོད། “ད་ཆ་གློག་སྒྲོན་དང་གློག་སྒུལ་རླུང་གཡབ་ཡོད་པས་ཕྲུ་གུ་ཚོ་གྲུང་ཤ་དོད་པོས་སློབ་སྦྱོང་བྱེད་ཐུབ་ཀྱི་ཡོད”ཅེས་དགེ་རྒན་ཨེ་ལ་ཉི་·ཁ་ཝ་ཅ་སིས་བརྗོད།

    ཡུལ་མི་ཚང་མའི་ཁྲོད་ནས་ཨེ་སི་ཐེ་དབན་ལ་བྱུང་བའི་འགྱུར་ལྡོག་ནི་དེ་མངོན་གསལ་དོད་ཤོས་ཡིན། ཕྲུ་གུ་བཞི་ཡོད་པའི་ཁྱིམ་བདག་གི་ངོས་ནས་དེ་གོང་ཁྱིམ་གྱི་ཡོང་འབབ་ཕལ་ཆེ་བ་རིར་རྔོན་རྒྱག་པར་བསྐྱོད་པ་ལས་བྱུང་བ་ཞིག་རེད། “གྲོང་གསེབ་ཏུ་འོད་སྣང་སྦྱིན་པའི”རྣམ་གྲངས་ལག་ལེན་བསྟར་རྗེས་ཨེ་སི་ཐེ་དབན་གྲངས་གཞི་ཐོ་འགོད་དང་གློག་སྨན་ལེབ་མོ་གཙང་སེལ་གྱི་འགན་འཁུར་མཁན་བཟོ་པ་ཞིག་ཏུ་གྱུར་ཏེ་ཡོང་འབབ་སྔོན་ཆད་ལས་མང་བ་དང་བརྟན་པ་ཡོད་པ་རེད།

    “ཀྲུང་གོ་བས་ང་ཚོར་གློག་བཏང་བ་དང་གོ་སྐབས་མང་པོ་སྦྱིན་པ་མ་ཟད། ད་དུང་ལག་རྩལ་ཡང་བསླབ་བྱུང”ཞེས་ཨེ་སི་ཐེ་དབན་གྱིས་བརྗོད།

    རྣམ་གྲངས་བེད་སྤྱོད་གཏོང་འགོ་ཚུགས་པ་དང་འབྲེལ་ས་གནས་ཀྱི་གློག་ཤུགས་ཚན་པར་རྩིས་སྤྲད་རྗེས་ཧྥི་ལི་ཕིན་དུ་བཅའ་སྡོད་ཀྲུང་གོའི་རྒྱལ་ཁབ་གློག་དྲ་ཀུང་སིའི་དོན་གཅོད་ཁང་གིས་ད་དུང་དུས་ཡུན་ལོ་གཉིས་རིང་གི་རིན་མེད་འཁོར་སྐྱོད་ཉམས་བཟོ་དང་དེ་བཞིན་ཡུན་རིང་སྤུས་ཚད་འགན་ལེན་དང་ལག་རྩལ་ཐད་ཀྱི་རྒྱབ་སྐྱོར་ཞབས་འདེགས་ཞུ་རྒྱུ་དང་ཆབས་ཅིག་ལས་སྒོ་བྱང་ཆུབ་པའི་བཟོ་པ་ཁག་གཅིག་གསོ་སྦྱོང་བྱས་ཏེ་གློག་ཁང་དུ་ལས་ཞུགས་ཐུབ་པའི་ཡུལ་མི་ཚོ་དབུལ་པོར་བསྐྱར་ལོག་མི་བྱེད་པའི་འགན་ལེན་བྱས་པ་རེད།

    “‘གྲོང་གསེབ་ཏུ་འོད་སྣང་སྦྱིན་པའི’རྣམ་གྲངས་ལས་ས་གནས་དེའི་ཡུལ་མིར་ཕན་པ་ཐོབ་ཅིང་། ང་ཚོས་ཡུན་རིང་རྒྱབ་སྐྱོར་དང་ཕན་སྒུལ་གྱི་བྱ་ཐབས་བརྒྱུད་ཧྥི་ལི་ཕིན་འཕེལ་རྒྱས་ཡོང་བར་མུ་མཐུད་རམ་འདེགས་བྱ་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལིའུ་མིང་གིས་བརྗོད་ཅིང་། ཁོང་གིས“གྲོང་གསེབ་ཏུ་འོད་སྣང་སྦྱིན་པའི”རྣམ་གྲངས་ནི་ཀྲུང་གོའི་གཞུང་ཁོངས་ཁེ་ལས་ཀྱིས་ཧྥི་ལི་ཕིན་དུ་ལེགས་གྲུབ་བྱས་པའི་དམངས་འཚོའི་རོགས་སྐྱོར་རྣམ་གྲངས་ཐོག་མ་དེ་ཡིན། རྣམ་གྲངས་དེ་རིགས་འདྲ་བཟོ་རྣམ་པའི་རྣམ་གྲངས་ལ་གྱུར་ནས་སླད་ཕྱིན་ཧྥི་ལི་ཕིན་གྱི་ས་གནས་ཁག་ཏུ་ཁྱབ་གདལ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་ཏུ་གཏོང་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།