[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་འདེབས་པ་ལས་པུ་རུན་ཏིའི་ཞིང་པའི་འཚོ་བར་འགྱུར་ལྡོག་ཕྱིན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལུའུ་ཐེན་རན།    |    སྤེལ་དུས།   2019-06-23

    ● རིགས་གཅིག་མཁས་ཅན་ཚོགས་པས་2018ལོའི་ཟླ་9པ་ནས་བཟུང་ཉིང་ཅཱ་གྲོང་ཚོའི་གྲོང་མིར་སྤྱི་ཆིང་48ཙམ་གྱི་ས་ཆའི་ཐོག་ཡུག་གཅིག་ཏུ་དཔེ་སྟོན་ཐོན་སྐྱེད་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་130ལྷག་ཙམ་གྱི་ཁྱོན་ཞིང་པ་1000ལྷག་ཙམ་དེའི་ནང་ཞུགས་པ། ● པུ་རུན་ཏི་སྲིད་གཞུང་གིས་དབྱང་ཧྭ་ཏེ་དང་རིགས་གཅིག་མཁས་ཅན་ཚོགས་པའི་ས་ལུད་རིགས་གཅིག་མཁས་ཅན་ལུའོ་ཧྲི་ཏེར“ལེགས་སྐྱེས་མངོན་གསལ་འབུལ་བའི་བྱ་དགའ”སྤྲད་པ་དང་། ལིས་ཁྲང་ལིན་དང་ལུའུ་ཅུན་ལ“བྱས་རྗེས་གྲུབ་འབྲས་བྱ་དགའ”སྤྲད་པ། ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི་གཞན་དག་ལའང“ཕུལ་བྱུང་ལས་དོན་པའི་བྱ་དགའ”སྤྲད་པ།

    འདི་ལོ་ལོ་29ལ་སླེབས་པའི་ཨའེ་ཕུའུ་ལར·ཨེན་ཏཱ་དབྱི་ཁའེ་ཅེ་ནི་པུ་རུན་ཏིའི་ནུབ་བྱང་རྒྱུད་ཀྱི་པུ་པན་ཀྲ་ཞིང་ཆེན་ཉིང་ཅཱ་གྲོང་ཚོའི་ཞིང་པ་ཞིག་ཡིན་ཞིང་། ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་དཔེ་སྟོན་ཐོན་སྐྱེད་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པས་ཉེ་ཆར་ཁོང་ལ་པུ་རུན་ཏིར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་བཙུགས་པའི“ཕོ་ཉའི་ལོ་ལེགས་བྱ་དགའ”ཐོབ་པ་རེད།

    ཀྲུང་གོའི་ཞིང་ལས་རོགས་སྐྱོར་རིགས་གཅིག་མཁས་ཅན་ཚོགས་པས་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་པུ་རུན་ཏིར་ནང་འདྲེན་བྱས་རྗེས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་གྱིས་ཉིང་ཅཱ་གྲོང་ཚོ་སོགས་ས་གནས་ཁག་ཏུ་ཆུ་འབྲས་ཚོད་འདེབས་བྱས་ཤིང་། ཚོད་འདེབས་ལེགས་གྲུབ་བྱུང་རྗེས་རིགས་གཅིག་མཁས་ཅན་ཚོགས་པས་2018ལོའི་ཟླ་9པ་ནས་བཟུང་ཉིང་ཅཱ་གྲོང་ཚོའི་གྲོང་མིར་སྤྱི་ཆིང་48ཙམ་གྱི་ས་ཆའི་ཐོག་ཡུག་གཅིག་ཏུ་དཔེ་སྟོན་ཐོན་སྐྱེད་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་གྲོང་ཚོ་ཡོངས་ཀྱི་དུད་ཚང་130ལྷག་ཙམ་གྱི་ཁྱོན་ཞིང་པ་1000ལྷག་ཙམ་དེའི་ནང་ཞུགས་ཡོད་པ་རེད།

    ཨེན་ཏཱ་དབྱི་ཁའེ་ཅེར་འདི་ལོའི་ཟླ་2པར་ལོ་ལེགས་བྱུང་བའི་དུས་ཚིགས་དང་པོའི་དཔེ་སྟོན་ཐོན་སྐྱེད་ཆུ་འབྲས་ཀྱི་ཐོན་ཚད་སྤྱི་ཆིང་རེར་ཏུན་11ཙམ་ཟིན་ཡོད། འོན་ཀྱང་ཀྲུང་གོའི་རྒྱུད་འདྲེས་ཆུ་འབྲས་ནང་འདྲེན་མ་བྱས་གོང་སྤྱི་ཆིང་རེར་ཆུ་འབྲས་ཏུན་3ཙམ་ལས་ཡོང་གི་མེད།

    ཨེན་ཏཱ་དབྱི་ཁའེ་ཅེས“ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་ཚོས་དུས་ཚོད་ཐུང་ངུའི་ནང་ངའི་འཚོ་བར་འགྱུར་ལྡོག་བཏང་བྱུང”ཞེས་བརྗོད་པ་དང་། ཁོང་གིས་མུ་མཐུད“སློབ་ཆེན་ཐོན་རྗེས་ངས་པཱ་ལགས་ཀྱི་ཆུ་འབྲས་ཞིང་ཁའི་ནང་ཆུ་འབྲས་བཏབ་པ་ཡིན། སྐབས་དེ་དུས་ཐོན་ཚད་མཐོ་པོ་མེད་ལ་རང་ཉིད་ལ་དངུལ་ཡང་མེད། ཀྲུང་གོའི་རིགས་གཅིག་མཁས་ཅན་ཚོས་ང་ཁོང་ཚོའི་ལས་རོགས་བྱེད་བཅུག་པ་མ་ཟད། རྒྱུད་འདྲེས་ཆུ་འབྲས་འདེབས་སྟངས་ཀྱང་གསོ་སྦྱོང་བྱས་པས་ཆུ་འབྲས་འདེབས་པ་ལས་བྱུང་བའི་ཡོང་འབབ་ཀྱིས་གཉེན་སྒྲིག་བྱས་པ་ཡིན་ལ་ཁང་པའང་བརྒྱབ་པ་ཡིན། ད་ཆ་རང་ཉིད་གྲོང་ཚོ་འདིའི་ནང་ཕྱུག་ཤོས་ཀྱི་གྲས་སུ་གྱུར་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བརྗོད།

    ཨེན་ཏཱ་དབྱི་ཁའེ་ཅེས་རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་བྱས་པ་ལས་རང་ཉིད་ཀྱི་འཚོ་བར་འགྱུར་ལྡོག་བྱུང་བ་མ་ཟད། རྒྱུད་འདྲེས་ཆུ་འབྲས་འདེབས་འཛུགས་བྱེད་སྟངས་སྦྱོང་བར་ཡོང་མཁན་གྲོང་ཚོ་གཞན་གྱི་ཞིང་པར་མཛུབ་ཁྲིད་ཀྱང་བྱེད་ཀྱི་ཡོད། ཆུ་འབྲས་འདེབས་འཛུགས་བྱེད་པའི་ཐད་གྲུབ་འབྲས་ཐོབ་པར་བརྟེན་པུ་རུན་ཏི་སྲིད་གཞུང་གིས་ཀྱང་ཁོང་འབྲེལ་ཡོད་ལས་གནས་ཐོག་གདན་ཞུ་བྱས་ཏེ་པུ་པན་ཀྲ་ཞིང་ཆེན་གྱི་ཁོར་ཡུག་དང་། ཞིང་ལས། འབྲོག་ལས་བཅས་འཕེལ་རྒྱས་གཏོང་རྒྱུའི་འགན་ཡང་འཁུར་དུ་བཅུག་བྱུང་།

    2009ལོ་ཚུན་དུ་ཀྲུང་གོས་པུ་རུན་ཏིར་དུས་ཐེངས་བཞིའི་པུ་རུན་ཏིར་རོགས་སྐྱོར་བྱེད་མཁན་ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་པ་མངགས་ཤིང་། མིག་སྔར་པུ་རུན་ཏིར་ཡོད་པའི་དུས་ཐེངས་བཞི་པའི་རིགས་གཅིག་མཁས་ཅན་ཚོགས་པའི་གྲས་སུ་ཆུ་འབྲས་དང་། ས་ལུད། ཤིང་འབྲས་དང་སྔོ་ཚལ། འབྲོག་ལས། ཞིང་ཞོར་ཐོན་རྫས་ལས་སྣོན། ཞིང་ལས་འཕྲུལ་ཆས། ཆུའི་ཐོན་ཟོག་བཅས་ཀྱི་ཁྱབ་ཁོངས་ནས་ཡོང་བའི་ཞིང་ལས་རིགས་གཅིག་མཁས་ཅན་ཡོད་པ་རེད།

    ཀྲུང་གོའི་ཞིང་ལས་རིགས་གཅིག་མཁས་ཅན་དང་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་པུ་རུན་ཏིའི་ཞིང་ལས་འཕེལ་རྒྱས་ཐད་ལེགས་སྐྱེས་ཕུལ་བར་གཟེངས་བསྟོད་བྱ་ཆེད། པུ་རུན་ཏིའི་ཞིང་འབྲོག་ལས་པུའི་དཔོན་རིགས་ཀྱིས“ཕོ་ཉའི་ལོ་ལེགས་བྱ་དགའ”སྤྲོད་ཡུལ་དུ་པུ་རུན་ཏི་སྲིད་གཞུང་གི་ཚབ་ཞུས་ཏེ་དབྱང་ཧྭ་ཏེ་དང་རིགས་གཅིག་མཁས་ཅན་ཚོགས་པའི་ས་ལུད་རིགས་གཅིག་མཁས་ཅན་ལུའོ་ཧྲི་ཏེར“ལེགས་སྐྱེས་མངོན་གསལ་འབུལ་བའི་བྱ་དགའ”སྤྲད་པ་དང་། ལིས་ཁྲང་ལིན་དང་ལུའུ་ཅུན་ལ“བྱས་རྗེས་གྲུབ་འབྲས་བྱ་དགའ”སྤྲད་པ། ཞིང་ལས་རིགས་གཅིག་མཁས་ཅན་ཚོགས་པའི་ཁོངས་མི་གཞན་དག་ལའང“ཕུལ་བྱུང་ལས་དོན་པའི་བྱ་དགའ”སྤྲད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།