[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་མེ་འཁོར་ལ་ཏིང་མེ་གླིང་གི་དམངས་ཀྱི་སེམས་ལ་བབས་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-22

    ཉིན་ཤས་གོང་། ཀྲུང་གོས་ཇུས་འགོད་དང་ཐོན་སྐྱེད་བྱས་པའི་མེ་འཁོར“ཅ་ལི་པིའི་མུ་ཏིག”ཁུ་པ་རུ་དངོས་སུ་སྤྱོད་འགོ་ཚུགས་པས་ས་གནས་དེའི་དམངས་ཚོགས་ཀྱིས་བསྔགས་བརྗོད་ཡང་ཡང་བྱེད་ཀྱི་ཡོད། དངོས་སུ་སྤྱོད་འགོ་ཚུགས་པའི་ཉིན་དང་པོར་མེ་འཁོར་གསར་པར་སྡོད་མཁན་ཁུ་པའི་འགྲུལ་པས་སེམས་འགུལ་ཚད་མེད་ཐེབས་པའི་ངང་གསར་འགོད་པར“ཀྲུང་གོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད། མེ་འཁོར་གྱི་རྡུང་བརྡ་གྲགས་པ་དང་བསྟུན་ནས་ཀྲུང་གོས་བཟོས་པའི་མེ་འཁོར་ནང་ཁུ་པ་བའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་བླུགས་ནས་མདུན་ཕྱོགས་སུ་སྐྱོད་བཞིན་ཡོད།

    འདི་ལོ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཏོན་ནས་ལོ་ལྔ་འཁོར་བའི་ལོ་ཞིག་ཡིན། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”སྒྲོམ་གཞིའི་འོག་རང་ངོས་ཀྱི་འཕེལ་རྒྱས་ལེགས་ཆར་བརྟེན་ནས་ཁུ་པ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་གི་དམངས་འཚོ་ལེགས་སུ་ཧུར་ཐག་བཏང་སྟེ་ས་གནས་དེའི་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་ཐོབ་ཚོར་ཡོང་བ་བྱས་ཡོད།

    ཐོབ་ཚོར་ནི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་བཏང་བ་ལས་བྱུང་བ་ཡིན། རྨང་གཞིའི་སྒྲིག་བཀོད་ཉམས་ཞན་ནི་ལ་ཏིང་མེ་གླིང་གི་རྒྱལ་ཁབ་མང་པོ་འཕེལ་རྒྱལ་ཡོང་རྒྱུར་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བ་དང་བསྟུན་ནས་ལ་ཏིང་མེ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་པར་ཡོངས་སུ་འགྱུར་ལྡོག་བྱུང་ཡོད།

    ཀྲུང་གོའི་རོགས་སྐྱོར་འོག་ཅ་མེ་ཁར་དེང་རབས་ཅན་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་དེ་བསྐྲུན་ནས་མཚོ་ངོགས་ལྷོ་བྱང་དབར་འགྲུལ་བཞུད་བྱེད་ཡུན་ཆུ་ཚོད་2ནས་སྐར་མ་45བར་ཐུང་དུ་ཕྱིན་ཏེ་མི་སྣ་འགྲོ་འོང་དང་། དངོས་ཟོག་སྐྱེལ་འདྲེན། ལམ་རྒྱུད་ཀྱི་ཕྱོགས་བསྡུས་གསར་སྤེལ་དང་གསར་གཏོད་བཅས་ལ་མཐུན་རྐྱེན་བསྐྲུན་ཡོད། ཨ་ཀེན་ཐིན་གྱི་པེར་ཀོ་ལི་ནོ་ཟོག་འདྲེན་ལྕགས་ལམ་བསྐྱར་སྐྲུན་ལས་གྲྭར་སྐུལ་འདེད་བཏང་བས་སྐམ་སའི་ཞིང་ཆེན་ནས་གྲུ་ཁའི་གྲོང་ཁྱེར་བར་གཏོང་བའི་ཟོག་འདྲེན་མ་གནས་ཆེས་ཆེར་དམའ་རུ་སོང་བ་དང་འབྲེལ་བྱང་རྒྱུད་ཀྱི་སྤུས་ཚད་མཐོ་བའི་ཞིང་ལས་ཐོན་རྫས་འཛམ་གླིང་ས་གནས་ཁག་ལ་བདེ་བླག་ངང་བཙོངས་པས་ཞིང་པར་ཡོང་འབབ་ཡག་པོ་བྱུང་ཡོད། ཕ་ན་མའི་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་ལྕགས་ལམ་རྣམ་གྲངས་ཀྱི་འབྲེལ་ཡོད་ལག་བསྟར་བྱེད་ཆོག་པའི་ཞིབ་འཇུག་ད་ལྟ་གོ་རིམ་ལྡན་པའི་སྒོ་ནས་བྱེད་བཞིན་ཡོད་པ་རེད།

    ཐོབ་ཚོར་ནི་དམངས་འཚོའི་གནད་དོན་ཐག་གཅོད་བྱས་པ་ལས་བྱུང་བ་ཡིན། ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་གྱི་མཉམ་ལས་ཉིན་བཞིན་ཟབ་ཏུ་འགྲོ་བ་དང་བསྟུན་ནས་ལ་ཏིང་མེ་གླིང་གི་ས་ཁུལ་མང་པོའི་གྲོང་མིས་འཐུང་ཆུ་དང་གློག་ཐད་སེམས་ཁྲལ་བྱེད་དགོས་མེད། ཀྲུང་གོའི་ཁེ་ལས་ཀྱི་རོགས་སྐྱོར་འོག་པར་ཙིར་གྱི་ཧྲན་ནོའུ་ལུན་སུའོ་ཆུ་མཁོ་འདོན་རྣམ་གྲངས་ཀྱིས་གྲོང་མི་ཁྲི་ཉིས་སྟོང་ལྷག་ཙམ་གྱི་ཆུ་དཀོན་པའི་གནད་དོན་ཐག་གཅོད་བྱས་ཡོད། ལེགས་སྒྲུབ་ཟིན་གྲབས་ཡོད་པའི་ཨ་ཀེན་ཐིན་རོ་མ་པུ་ལན་ཁ་རླུང་གློག་རྣམ་གྲངས་ཀྱིས་ས་གནས་དེའི་རླུང་ནུས་ཐོན་ཁུངས་ཡག་པོ་སྤྱད་དེ་ས་གནས་དེར་སྦགས་བཙོག་མེད་པ་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་གཙང་མ་མཁོ་འདོན་ཐུབ་རྒྱུ་རེད།

    ད་དུང་ཐོབ་ཚོར་ནི་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་ཐོབ་པ་ལས་བྱུང་བ་ཡིན། གྲངས་གཞི་ལས་མངོན་གསལ། ལ་ཏིང་མེ་གླིང་དུ་མ་འཇོག་ལས་དར་བྱེད་མཁན་ཀྲུང་གོའི་ཁེ་ལས་2000ལྷག་ཙམ་ཟིན་ནས་ས་གནས་དེར་ལས་ཞུགས་ལས་གནས་ཁྲི་180ལྷག་ཙམ་བཏོད་ཡོད། 2000ལོ་ནས་ད་བར། ཀྲུང་གོ་དང་ལ་ཏིང་མེ་གླིང་རྒྱལ་ཁབ་དབར་ཉོ་ཚོང་བྱེད་ཚད་ལྡབ་20ལྷག་ཙམ་འཕར་ཡོད། ཀྲུང་གོ་དང་ལ་ཏིང་མེ་གླིང་གིས་ཆ་འཕྲིན་ཐོན་ལས་དང་། ཞབས་ཞུའི་ལས་རིགས། དྲ་ཐོག་ཚོང་དོན་སོགས་ཁྱབ་ཁོངས་མང་པོར་གཉིས་ཁེའི་མངོན་མེད་སྟོབས་ཤུགས་རྒྱུན་ཆད་མེད་པར་སྔོག་འདོན་བྱས་ནས་མཉམ་ལས་ཀྱི་འགྲོ་ལམ་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་རྒྱ་ཆེར་འགྲོ་བཞིན་ཡོད།

    ལ་ཏིང་མེ་གླིང་ནི་དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུ་རང་ཤུགས་སུ་སྣུར་སྲིང་བྱས་པ་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས“རྒྱུད་གཅིག་ལམ་གཅིག”སོགས་ཀྱི་སྒྲོམ་གཞིའི་ནང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཐུབ་པ་བྱས་ནས་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད་ཅེས་ནན་བཤད་ཡང་ཡང་བྱེད་ཀྱི་ཡོད། ད་ཆ་ཀྲུང་གོའི་བྱ་སྤྱོད་དངོས་མང་པོས་རྒྱ་མཚོ་ཆེན་པོས་འཕྲེད་བཅད་བཏང་བའི་ས་གཞི་ཆེན་པོ་གཉིས་ཀྱི་ཐོག་གནས་པའི་མི་སེམས་དམ་པོར་སྦྲེལ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།