[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • གློག་བརྙན《ང་དང་ངའི་མེས་རྒྱལ》ལ་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བར་ཐུན་མོང་གི་ངོས་འཛིན་གཏིང་ཟབ་བྱུང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-10

    ཉེ་དུས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་ཕྱག་རྟགས་སུ་ཕུལ་བའི་གློག་བརྙན《ང་དང་ངའི་མེས་རྒྱལ》ཞེས་པ་རྒྱལ་ཁབ་མང་པོར་བསྟན་པར་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། དེ་བཞིན་ས་གནས་དེ་གའི་དམངས་ཚོགས་ཀྱི་གདེང་འཇོག་ཡག་པོ་རྒྱ་ཁྱབ་ཏུ་ཐོབ་ཡོད་པ་རེད། གློག་བརྙན་བལྟས་རྗེས་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་མང་པོ་ཞིག་གིས། གློག་བརྙན་དེའི་ནང་མི་དཀྱུས་མ་ཁྲི་སྟོང་མང་པོས་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཕྱིར་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་བའི་གཏམ་རྒྱུད་བརྗོད་པར་ཐུན་མོང་གི་ངོས་འཛིན་གཏིང་ཟབ་བྱུང་ཞེས་བརྗོད།

    གློག་བརྙན《ང་དང་ངའི་མེས་རྒྱལ》ཞེས་པ་རྒྱལ་སྟོན་རིང་ཧོ་ལན་གྱི་ས་ཆ་མང་པོར་དུས་གཅིག་ཏུ་སྟོན་འགོ་བཙུགས་པ་ནས་བཟུང་། ཧོ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་དེ་བཞིན་ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བའི་ཚོགས་པ་མང་པོ་ཞིག་གིས་ཧོ་ལན་དུ་ཡོད་པའི་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་དང་། ཀྲུང་གོའི་མ་འཇོག་སྒྲིག་གཞིའི་ལས་དོན་མི་སྣ། དེ་བཞིན་ཕྱི་སྦྱོང་སློབ་མ་བཅས་སྒྲིག་འཛུགས་བྱས་ཏེ་གློག་བརྙན་བལྟས་པ་རེད།

    ཧོ་ལན་ཅང་སུའུ་ཚོང་ཚོགས་ཀྱི་ཚོགས་མི་ཀེ་མོང་ཆིའུ་ཡིས་གློག་བརྙན་བལྟས་རྗེས། ངའི་ངོས་ནས་བརྗོད་ན་གློག་བརྙན་ནང་གི་ཀྲུང་གོའི་རྡུལ་ཕྲན་འབར་མདེལ་དང་པོ་འབར་གས་ལེགས་གྲུབ་བྱུང་བའི《ངོ་འཕྲད》ཅེས་པའི་དུམ་བུ་དེ་ལྟད་མོ་ཆེ་ཤོས་བྱུང་། དེའི་ནང་ཚན་རིག་མཁས་ཅན་དེ་དག་གིས་བསྒྲུབས་པའི་བྱ་བ་ཚང་མ་ཧང་སངས་དགོས་པ་ཤ་སྟག་ཡིན་རུང་རྣམ་ཀུན་ནས་ཁོང་ཚོས་སྐད་གྲགས་མེད་པར། རང་ཉིད་ཀྱི་མི་ཚེ་གང་པོ་མེས་རྒྱལ་ལ་ལེགས་སྐྱེས་ཕུལ་འདུག མི་རབས་ནས་མི་རབས་བར་གྱི་སྔོན་བྱོན་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་མི་རབས་འདིས་སྔར་བས་འབད་བརྩོན་བྱས་ཏེ་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་ཕྱིར་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད།

    ཧའེ་ཡ་ཀྲུང་གོ་རིག་གནས་ལྟེ་གནས་ཀྱི་ཐའོ་གཡོད་ཀྱིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་སྐབས་སུ་ཐག་རིང་ཧོ་ལན་ནས་དུས་གཅིག་ཏུ《ང་དང་ངའི་མེས་རྒྱལ》ཞེས་པ་བལྟ་རྒྱུ་བྱུང་བར་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། དེ་ལས་ང་ཚོའི་མེས་རྒྱལ་དུས་དང་རྣམ་པ་ཀུན་ཏུ་ང་ཚོ་དང་མཉམ་དུ་གནས་པའི་ཚོར་སྣང་ཡོང་གི་འདུག་ཅེས་བརྗོད།

    གློག་བརྙན《ང་དང་ངའི་མེས་རྒྱལ》ཞེས་པ་སྟོན་འགོ་འཛུགས་པའི་མཛད་སྒོ་ཉེ་དུས་ནེའུ་ཙི་ལན་གྱི་གླིང་ཕྲན་ལྷོ་མའི་ཁེ་ལའེ་སི་ཐེ་ཁྲེ་ཆི་གྲོང་ཁྱེར་དུ་འཚོགས་ཤིང་། མཛད་སྒོར་ཞུགས་མཁན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ་200ལྷག་ཙམ་གྱིས་མཉམ་དུ་གླུ་གཞས《ང་དང་ངའི་མེས་རྒྱལ》བཏང་བ་མ་ཟད། རྒྱལ་དར་བརྒྱུད་སྤྲོད་ཀྱང་བྱས་པ་རེད།

    “ངས་སྤུན་ཟླ་ཚོ་དང་མཉམ་དུ་ལག་ཏུ་རྒྱལ་དར་འཁྱེར་ཞིང་། མིག་ཟུང་མཆི་མས་བརླན་གྱིན་གློག་བརྙན་དེ་བལྟས་པ་ཡིན། དེའི་ནང་ནས《ངོ་འཕྲད》ཅེས་པའི་དུམ་བུ་དེ་ལས་ང་རང་ལ་མྱོང་བ་ཟབ་ཤོས་བྱུང་། དུམ་བུ་དེའི་ནང་འཁྲབ་སྟོན་པ་གཙོ་བོས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིང་རྡུལ་གྱི་བྱ་གཞག་ཆེད་རང་ཉིད་ཀྱི་བརྩེ་དུང་བློས་བཏང་བ་དེ་ཧ་ཅང་མི་སེམས་འགུལ་བ་ཞིག་འདུག ང་ཚོའི་རྒྱལ་ཁབ་ལ་ཁོང་དང་འདྲ་བའི་སྐད་གྲགས་མེད་པའི་དཔའ་བོ་ཁྲི་སྟོང་མང་པོ་ཞིག་གིས་ཁྱིམ་ཆུང་དོར་ཏེ་ཁྱིམ་ཆེན་བསྐྱངས་པ་ལས་ད་ཆའི་འཕེལ་རྒྱས་འདི་ལྟ་བུ་བྱུང་ཡོད”ཅེས་ནེའུ་ཙི་ལན་གྱི་གླིང་ཕྲན་ལྷོ་མའི་དགེ་སྒྲུབ་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་ཀྲུང་ཝུའེ་རེན་གྱིས་གློག་བརྙན་བལྟས་རྗེས་མྱོང་བ་ཟབ་མོས་བཤད།

    ཁེ་ལའེ་སི་ཐེ་ཁྲེ་ཆི་ཀྲུང་གོའི་ཕྱི་སྦྱོང་སློབ་མ་རོལ་རྩེད་པུའུ་ཡི་འགན་འཁུར་བ་ལོན་ཙེ་སེན་གྱིས། གློག་བརྙན་དེའི་ནང་ནས་རང་ཉིད་ལ་བྱུང་བའི་བག་ཆགས་ཟབ་ཤོས་ནི《ཕྱིར་ལོག》ཅེས་པའི་དུམ་བུ་དེ་ཡིན། སྟོབས་ཤུགས་གང་འདྲ་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་མདུན་སྐྱོད་ཀྱི་གོམ་སྟབས་འགོག་མི་ཐུབ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ས་ཆ་ཆ་ཚང་གི་གནད་དོན་ཐད་ང་ཚོས་ཕྱིར་བཤོལ་བྱེད་མི་སྲིད། ང་རང་ཀྲུང་གོ་བ་ཞིག་ཡིན་པས་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་བཤད།

    ཨ་རིའི་ཅ་ཀྲོའུ་ལྷོ་མའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་ཞུས་ཞའོ་ཧན་ཉེ་དུས་ལུའོ་ཧྲན་ཅིར་གློག་བརྙན《ང་དང་ངའི་མེས་རྒྱལ》ཞེས་པ་སྟོན་འགོ་འཛུགས་པའི་མཛད་སྒོར་ཞུགས། ཁོང་གིས་ཆེད་མངགས་བབ་ཆགས་པའི་ཕྱུ་པ་ཞིག་གྱོན་ཏེ་མཛད་སྒོར་ཞུགས་ནས་རང་ཉིད་ཀྱིས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དང་སྤོབས་སེམས་མཚོན་པར་བྱས་ཤིང་། ཁོང་གིས“ང་རང་ཕྱི་རྒྱལ་དུ་ཡོད་ཀྱང་མེས་རྒྱལ་ནི་ངའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།