[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ལ་སླར་ཡང་རྒྱལ་སྤྱིའི་བྱ་དགའ་ཐོབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    687327_yis_1575606450287.jpg

     འདི་ནི་ཟླ་12ཚེས་5ཉིན་རི་པིན་གྱི་ཐོ་ཁེའོ་རུ་ཟླ་བ་གོ་ལ་གྲོང་ཚོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་སའེ་ཕེ·ལུའེ་པར་ཏིས་ཀྲུང་གོའི་ཟླ་བའི་གོ་ལར་འཚོལ་ཞིབ་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཝུའུ་ཝུའེ་རེན(གཡས)ལ་བྱ་དགའ་སྤྲོད་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐོ་ཁེའོ་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་ཐོ་ཁེའོ་རུ་འགོ་ཚུགས་པའི་རྒྱལ་སྤྱིའི་ཟླ་བའི་གོ་ལ་གྲོང་ཚོའི་བགྲོ་གླེང་ཚོགས་འདུ་སྐབས་གསུམ་པའི་ཐོག་ཀྲུང་གོའི་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ལ་ཟླ་བའི་གོ་ལ་གྲོང་ཚོ་མཐུན་ཚོགས་ཀྱིས་སྤྲད་པའི་ཟླ་བའི་གོ་ལར་འཚོལ་ཞིབ་ལས་འགན་གྱི་ཕུལ་བྱུང་བྱ་དགའ་ཐོབ་ནས་རྣམ་གྲངས་དེའི་བྱ་དགའ་ཐོབ་མཁན་དང་པོར་གྱུར་ཡོད། དེ་ཡང་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ལ་དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་རིག་གཞུང་ལྷན་ཚོགས་ཀྱི་གསེར་གྱི་བྱ་དགའ་ཐོབ་རྗེས་ཀྱི་རྒྱལ་སྤྱིའི་བྱ་དགའ་གཞན་ཞིག་རེད།

    ཟླ་བའི་གོ་ལ་གྲོང་ཚོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཀྲུའུ་སའེ་ཕེ·ལུའེ་པར་ཏིས་བྱ་དགའ་སྤྲོད་སྐབས། ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ནི་མིའི་རིགས་ཀྱིས་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་ཡོ་ཆས་ཐེངས་དང་པོ་ཟླ་བའི་གོ་ལའི་རྒྱབ་ངོས་སུ་སྐྱེལ་རྒྱུ་དེ་ཡིན་པས་ཧ་ཅང་རླབས་ཆེ་བའི་གྲུབ་འབྲས་ཤིག་རེད་ཅེས་བཤད།

    ཀྲུང་གོའི་ཟླ་བའི་གོ་ལར་འཚོལ་ཞིབ་ལས་གྲྭའི་སྤྱི་ཁྱབ་ཇུས་འགོད་པ་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེ་ཝུའུ་ཝུའེ་རེན་བགྲོ་གླེང་ཚོགས་འདུར་ཞུགས་པ་དང་འབྲེལ་བཞེད་དོན་གཙོ་བོའི་སྙན་ཞུའང་གནང་བ་རེད། ཁོང་གིས། ཟླ་བའི་གོ་ལ་གྲོང་ཚོ་མཐུན་ཚོགས་ཀྱིས་བྱ་དགའ་ཆེན་པོ་དེ་འདྲ་ཐེངས་དང་པོར་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ཚོགས་པར་སྤྲད་པ་དང་དེ་ནི་རྒྱལ་སྤྱིའི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱིས་ཀྲུང་གོའི་ཟླ་བའི་གོ་ལར་འཚོལ་ཞིབ་དང་ལྷག་པར་དུ་ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་འདུ་འགོད་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་རེད་ཅེས་བརྗོད་པ་རེད།

    ཁོང་གིས། ཀྲུང་གོས་རྒྱལ་སྤྱིའི་རོགས་ཟླ་དང་མཉམ་དུ་ཕྱིའི་བར་མཐོངས་ཞི་བདེའི་ངང་འཚོལ་ཞིབ་དང་སྤྱོད་འདོད་ཡོད་ལ། ཟླ་བའི་གོ་ལའི་གྲོང་ཚོ་མཐུན་ཚོགས་ཀྱི་འབྲེལ་ཡོད་བྱེད་སྒོར་ཡང་མུ་མཐུད་རྒྱབ་སྐྱོར་བྱེད་འདོད་ཡོད། ཟླ་བའི་ལྷ་མོ་རྟགས་ཅན་ཨང་ལྔ་པ་དང་། དྲུག་པ། བདུན་པ་སོགས་རྗེས་མཐུད་ཀྱི་ཟླ་བའི་གོ་ལར་འཚོལ་ཞིབ་ལས་འགན་སྤེལ་བའི་བརྒྱུད་རིམ་ནང་རྒྱལ་སྤྱིའི་མཉམ་ལས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན། དེ་ལྟར་བྱས་ཚེ་ཚན་རིག་གི་གྲུབ་འབྲས་དང་ཉམས་མྱོང་དེ་བས་མང་བ་ཐོབ་ཐུབ་ཅེས་བརྗོད་པ་རེད།

    ཟླ་བའི་གོ་ལ་གྲོང་ཚོ་མཐུན་ཚོགས་2017ལོར་བཙུགས་པ་དེ་ནི་སྤྱི་ཁྱབ་པུའུ་ཝི་ཨེན་ན་རུ་ཆགས་པའི་སྲིད་གཞུང་མིན་པའི་རྩ་འཛུགས་ཤིག་རེད། དེའི་དམིགས་ཡུལ་གཙོ་བོ་ནི་ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་འདོད་པའི་སྲིད་གཞུང་དང་། ཐོན་ལས། རིག་གཞུང་ལས་རིགས། སྤྱི་དམངས་སོགས་ལ་ཡུན་རིང་རང་བཞིན་གྱི་གོ་ལ་ཧྲིལ་པོའི་གཞུང་ཕྱོགས་མིན་པའི་གླེང་སྟེགས་ཤིག་སྐྲུན་ཆེད་ཡིན་ལ། ཟླ་བའི་གོ་ལར་འཚོལ་ཞིབ་བྱེད་པའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཀྱང་རེད།

    ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པའི་ལས་འགན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་པ་དང་། ཟླ་11ཚེས་25ཉིན་ལས་འགན་ཚོགས་པར་དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་རིག་གཞུང་ལྷན་ཚོགས་ཀྱི་2019ལོའི་ལོ་འཁོར་གྱི་ཚོགས་པའི་གསེར་གྱི་བྱ་དགའ་ཐོབ་པ་དང་། དེ་ནི་དབྱིན་ཇིའི་གོང་མ་ཚང་མཁའ་འགྲུལ་རིག་གཞུང་ལྷན་ཚོགས་བཙུགས་ནས་ལོ་153སོང་རིང་ཀྲུང་གོའི་རྣམ་གྲངས་ལ་བྱ་དགའ་སྤྲོད་ཐེངས་དང་པོ་དེ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།