[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བསམ་འཆར་པར་འགྲེམས་བྱས་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྒྱལ་ཁབ་ལས་ཁུངས་ཀྱི“སུས་ཁྲིམས་འཛིན་པ་དེས་ཁྲིམས་ཁྱབ་གདལ་གཏོང་བའི”ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་ཏེ་རྒྱལ་ཁབ་ལས་ཁུངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲི་སྔར་ལས་ལྷག་པའི་སྒོ་ནས་དོན་འཁྱོལ་བྱ་རྒྱུར་བླང་བྱ་བཏོན་ཡོད། བསམ་འཆར་ལྟར་ན། རྒྱལ་ཁབ་ལས་ཁུངས་ཀྱིས་ངེས་པར་དུ་ཁྲིམས་འཛུགས་དང་ཁྲིམས་འཛིན་འགྲེལ་བཤད་བཟོ་བའི་བརྒྱུད་རིམ་གང་ལེགས་སྤྱོད་པ་དང་། མདོ་གནད་དང་དཀའ་གནད་ལ་དམིགས་ནས་སྤྱི་ཚོགས་ལ་ཁྲིམས་ལུགས་ཁྱབ་གདལ་གཏོང་བ། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་སོགས་ཀྱི་གྱོད་གཞིགས་ཁྲིམས་འགྲེལ་གྱི་ལམ་ལུགས་བཟོ་བ་བཅས་བྱེད་དགོས་ཀྱི་ཡོད་པ་རེད། 

    བསམ་འཆར་ནང་། རྒྱལ་ཁབ་ལས་ཁུངས་ཀྱིས་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་སྡེ་ཚན་དེ་གའི་ལས་ཀའི་སྤྱིའི་བཀོད་སྒྲིག་ནང་བཅུག་སྟེ་ལས་སྒོ་གཞན་དག་དང་མཉམ་དུ་བཀོད་སྒྲིག་དང་། ཞིབ་བཤེར། དོན་འཁྱོལ་བཅས་བྱེད་དགོས། སྡེ་ཚན་ཁག་གིས་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་གཞིར་བཟུང་། སྡེ་ཚན་དེ་གའི་ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད་དང་། ལོ་འཁོར་གྱི་ཁྲིམས་ལུགས་ཁྱབ་གདལ་གྱི་འཆར་འགོད། ཁྲིམས་ལུགས་ཁྱབ་གདལ་གྱི་འགན་འཁྲིའི་གསལ་ཐོ་བཅས་བཟོ་དགོས་པ་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་སློབ་གསོ་ལས་ཞུགས་དང་། སྨན་བཅོས་འཕྲོད་བསྟེན། ས་ཆ་བསྡུ་ལེན་དང་བཤིག་སྤོ། བཟའ་བཅའི་བདེ་འཇགས། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་རོགས་སྐྱོབ་སོགས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་མདོ་གནད་དང་དཀའ་གནད་ཐག་གཅོད་བྱེད་རིང་། དོ་བདག་སོགས་གཏུག་བཤེར་ལ་ཞུགས་མཁན་དང་། སྲིད་འཛིན་གྱི་ལྟོས་བཅས་མི། ཁེ་གྱོང་གི་འབྲེལ་བར་ཐུག་པའི་མི། འབྲེལ་ཡོད་ཀྱི་གཙོ་གནད་མི་ཚོགས་བཅས་ལ་སྲིད་ཇུས་སྒྲོག་འགྲེལ་དང་བཅའ་ཁྲིམས་དང་ཁྲིམས་སྲོལ་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་དགོས། དྲ་རྒྱའི་ཐོག་གླེང་མང་བའི་གནད་དོན་དང་དོན་རྐྱེན་ལ་ཁྲིམས་འཛིན་མི་སྣ་དང་། རིགས་གཅིག་མཁས་ཅན། མཁས་དབང་བཅས་སྒྲིག་འཛུགས་བྱས་ནས་ཁུངས་ལུང་བཙན་པའི་གསལ་འགྲེལ་བྱེད་དགོས་པ་དང་ཁྲིམས་ལུགས་ཁྱབ་གདལ་གྱི་འཆད་ཁྲིད་ཚོགས་པ་དང་དང་བླངས་པ་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་གསལ་འགྲེལ་བྱེད་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།

    བསམ་འཆར་གྱི་བཀྲག་མདངས་འཚེར་ས་གཞན་ཞིག་ནི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་ཁྲིམས་འཛིན་འགྲེལ་བཤད་ཀྱི་མ་ཟིན་འགོད་རིང་། སྤྱི་ཚོགས་ཐོག་དོ་ཁུར་བྱེད་ཚད་མཐོ་བ་དང་སྤྱི་དམངས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ལ་སྤྱི་དམངས་ཀྱི་བསམ་འཆར་རྒྱ་ཁྱབ་ངང་ཉན་དགོས། ཁྲིམས་ལྟར་གསང་སྲུང་བྱེད་དགོས་པ་ཕུད་ཚང་མ་ཡོངས་བསྒྲགས་བྱས་ནས་བསམ་འཆར་བསྡུ་ལེན་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ལམ་ལུགས་ཀྱི་འཆར་གཞི་གསལ་བཤད་ཀྱང་བྱེད་དགོས། བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་དང་ཁྲིམས་འཛིན་འགྲེལ་བཤད་བཏོན་རྗེས་གོ་བདེ་ཤེས་སླའི་སྐད་ཡིག་ནས་སྤྱི་དམངས་དང་། ཁྲིམས་མི། རྩ་འཛུགས་གཞན་དག་བཅས་ཀྱི་དབང་ཆ་དང་འོས་འགན་དང་། དབང་ཆར་བཙན་གནོད་ཕོག་སྐབས་རོགས་སྐྱོབ་བྱེད་སྟངས་སོགས་ཀྱི་ནང་དོན་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱས་ཏེ་སྤྱི་དམངས་ཀྱིས་ཤེས་རྟོགས་བྱེད་པར་སྟབས་བདེ་སྐྲུན་དགོས་པ་དེ་རེད།

    བསམ་འཆར་ནང་། ཁྲིམས་དཔོན་དང་། ཞིབ་དཔྱོད་དཔོན། སྲིད་འཛིན་ཁྲིམས་འཛིན་མི་སྣ། ཁྲིམས་རྩོད་པ་སོགས་ཀྱི་གྱོད་གཞིགས་ཁྲིམས་འགྲེལ་ལམ་ལུགས་འཛུགས་དགོས་པ་དང་། བཅད་ཁྲ་དང་། འདུམ་ཁྲ། བསྐྱར་གཅོད་ཡོང་རེའི་ཞུ་ཡིག ཆོད་ཡིག་སོགས་བཅའ་ཁྲིམས་ཀྱི་ཡིག་ཆ་རྣམས་རྩོད་གཞི་ཡིན་པའི་གནད་དོན་ལ་དམིགས་ནས་གནས་ལུགས་གསལ་པོ་ཤོད་དགོས་པ་དང་བཅའ་ཁྲིམས་ཀྱི་འགྲེལ་བཤད་གཏིང་ཟབ་རྒྱག་དགོས། ཡོངས་བསྒྲགས་ངང་ཁྲིམས་ར་འཚོག་པ་དང་། སྐོར་སྐྱོད་ཁྲིམས་ར་འཚོག་པ། ཁྲིམས་རའི་འདྲི་གཅོད་ཐད་གཏོང་བྱེད་པ། ཁྲིམས་བཅད་ནུས་ལྡན་གྱི་ཡིག་ཆ་དྲ་ཐོག་ཏུ་གཏོང་བ་སོགས་ཀྱི་བྱ་ཐབས་ལེགས་པར་སྤྱད་ནས་གྱོད་གཞིགས་ཁྲིམས་འགྲེལ་བྱེད་དགོས་པ་བསྟན་ཡོད་པ་རེད།

    བསམ་འཆར་ནང་རྒྱལ་ཁབ་ལས་དོན་མི་སྣའི་ཁྲིམས་ལུགས་ཁྱབ་གདལ་དང་ཁྲིམས་ལུགས་སློབ་སྦྱོང་གལ་ཆེའི་གནས་བབ་ཐོག་བཞག་ཡོད། བསམ་འཆར་ནང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་སྲུང་བ་དང་། ཁྲིམས་སྦྱོང་བ། ཁྲིམས་སྤྱོད་པ་བཅས་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ལས་དོན་པས་ཁྲིམས་སློབ་སྦྱོང་རྒྱུན་གཏན་ཅན་ལ་འགྱུར་བ་བྱེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།