[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོཌ་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ།

    ལི་ཀྲན་ཧྲུའུ་ཡིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-03-14

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པས་མི་དམངས་ཚོགས་ཁང་ཆེ་མོར་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཤིང་། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། སྔོན་རྩིས་སྙན་སྒྲོན་བཅས་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་འཆར་ཟིན་དང་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བཅའ་ཁྲིམས་འཆར་ཟིན་གྱི་བཟོ་བཅོས་མ་ཟིན་སོགས་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།

    ཟླ་3ཚེས་5ཉིན་གྱི་ཕྱི་དྲོ་དང་ཚེས་6ཉིན་གྱི་ཉིན་གང་འཐུས་མི་ཚོགས་པ་ཁག་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ནན་ཏན་ངང་གྲོས་ཞིབ་གནང་ཞིང་། འཐུས་མི་ཚོས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མགོ་ནས་མཇུག་བར་ཁྱབ་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་བླང་བྱ་མཚོན་པར་བྱས་པ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དང་བསྟུན་ཡོད། དེ་ནི་དར་ཆ་མཐོར་སྒྲེང་དང་། སྒྱུར་བཅོས་གསར་གཏོད། དམ་པ་དོན་གཉེར། མདུན་སྐྱོད་ཡར་སྐུལ་བཅས་ཀྱི་སྙན་ཞུ་ཡག་པོ་ཞིག་ཡིན་པའི་ངོས་འཛིན་མགྲིན་གཅིག་ཏུ་གནང་བ་དང་། འཐུས་མི་ཀུན་གྱིས་སྙན་སྒྲོན་དེར་རྦད་དེ་མོས་མཐུན་ཡོད་པའི་རྟགས་མཚན་བསྟན་པ། འཐུས་མི་ཚོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འདས་ཟིན་པའི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ་འདི་ལོའི་ལས་དོན་བཀོད་སྒྲིག་ལ་མོས་མཐུན་རྒྱ་ཁྱབ་ཏུའང་གནང་ཡོད། གྲོས་ཞིབ་གནང་རིང་འཐུས་མི་ཚོས་ད་དུང་བསམ་འཆར་དང་གྲོས་འགོ་འགའ་ཞིག་ཀྱང་བཏོན་གནང་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་ཚོའི་གྲོས་ཞིབ་བསམ་འཆར་ལ་ནན་ཏན་ངང་ཞིབ་འཇུག་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་བཟོ་བཅོས་བསྐྱོན་ནས་འཐུས་སྒོ་ཚང་དུ་བཏང་བ། ཁྱོན་བཟོ་བཅོས་ཁག་83བསྐྱོན་ཡོད། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་བསམ་འཆར་དང་སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཚུལ་གཞིར་བཟུང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་པ་དང་འབྲེལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་འཆར་ཟིན་ཚབ་བྲིས་ཀྱང་གནང་ཡོད། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཞུས་ཧྲའོ་ཧྲེ་ཡིས་ཚོགས་འདུའི་ཐོག་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་འཆར་ཟིན་ལ་ཞིབ་དཔྱད་བྱས་འབྲས་སྐོར་གྱི་སྙན་སྒྲོན་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲེ་ཡའོ་པིན་གྱིས་ཚོགས་འདུའི་ཐོག2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2019ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་འཆར་ཟིན་ལ་ཞིབ་དཔྱད་བྱས་འབྲས་སྐོར་གྱི་སྙན་སྒྲོན་གནང་བ་རེད།

    ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་བྱས་འབྲས་སྐོར་གྱི་སྙན་སྒྲོན་གཉིས་པོར་གྲོས་འཆམ་བྱུང་བ་རེད།

    ཟླ་3ཚེས་7ཉིན་གྱི་ཉིན་གང་འཐུས་མི་ཚོགས་པ་ཁག་གིས་འཆར་གཞིའི་སྙན་སྒྲོན་དང་འཆར་གཞིའི་འཆར་ཟིན་ལ་ནན་ཏན་ངང་ཞིབ་དཔྱད་གནང་བ་དང་། ཟླ་3ཚེས་7དང་ཚེས་8ཉིན་གྱི་སྔ་དྲོར། འཐུས་མི་ཚོགས་པ་ཁག་གིས་སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་འཆར་ཟིན་ལ་ནན་ཏན་ངང་ཞིབ་དཔྱད་གནང་བ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འཐུས་མི་རྣམ་པའི་དཔྱད་ཞིབ་བསམ་འཆར་གཞིར་བཟུང་སྙན་སྒྲོན་གཉིས་པོར་ནན་ཏན་ངང་བཟོ་བཅོས་བསྐྱོན་པ། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིས་འཐུས་མི་ཚོགས་པ་ཁག་གི་ཞིབ་དཔྱད་བསམ་འཆར་དང་། སྙན་སྒྲོན་ལ་བཟོ་བཅོས་བརྒྱབ་ཚུལ། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཞིབ་དཔྱད་བྱས་འབྲས་སྙན་སྒྲོན་བཅས་གཞིར་བཟུང་། འཆར་གཞིའི་སྙན་སྒྲོན་དང་། འཆར་གཞིའི་འཆར་ཟིན། སྔོན་རྩིས་སྙན་སྒྲོན། ཀྲུང་དབྱང་གི་སྔོན་རྩིས་འཆར་ཟིན་བཅས་ལ་ཆོག་མཆན་སྤྲོད་རྒྱུའི་གྲོས་འགོ་བཏོན་གནང་བ་དང་སྦྲགས་འཆར་གཞིའི་སྙན་སྒྲོན་དང་འཆར་གཞི་དང་སྔོན་རྩིས་སྙན་སྒྲོན་དང་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་གཉིས་ཚབ་འགོད་ཀྱང་གནང་བ། ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད། 2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན་དང་2018ལོའི་ཀྲུང་དབྱང་དང་ས་གནས་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2019ལོའི་ཀྲུང་དབྱང་དང་ས་གནས་སྔོན་རྩིས་སྐོར་གྱི་གྲོས་ཆོད་འཆར་ཟིན་འཐུས་མི་ཚོགས་པ་ཁག་ལ་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུའི་གཏན་འབེབས་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།