[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ​ དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུས་བརྡ་ཐོ་བཀྲམ་ནས་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-04-15

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་4ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་ཡིས《སྔོན་གཤེགས་དཔའ་བོའི་ནང་མི་དང་། དམག་མིའི་ནང་མི། དེ་བཞིན་དམག་ཞབས་ཐིམས་པའི་དམག་མི་སོགས་ཀྱི་ཁྱིམ་ཚང་དུ་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་ཚད་ལྡན་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ནས་ས་ཁུལ་ཁག་གིས་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་ཚད་ལྡན་དུ་བཏང་སྟེ་བྱ་བཟང་དེ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

    གསར་འགོད་པས་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་ནས་ཤེས་རྟོགས་བྱས་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྔོན་གཤེགས་དཔའ་བོའི་ནང་མི་དང་། དམག་མིའི་ནང་མི། དེ་བཞིན་དམག་ཞབས་ཐིམས་པའི་དམག་མི་སོགས་ཀྱི་ཁྱིམ་ཚང་དུ་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་ལག་བསྟར་བྱ་ཐབས》(གཤམ་དུ《ལག་བསྟར་བྱ་ཐབས》ཞེས་བསྡུ་རྒྱུ)བཀྲམ་ཚུན། ས་གནས་ཁག་དང་རིམ་ཁག་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་། མགྱོཌ་མྱུར་བྱ་སྤྱོད་སྤེལ་བ། གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ཟླ་4པའི་ཟླ་སྟོད་བར། རྒྱལ་ཡོངས་ས་གནས་ཁག་གིས་དུད་ཚང་ཁྲི་2000ལྷག་ཙམ་དུ་གཟི་བརྗིད་བྱང་བུ་བཀལ་ནས་དམག་བཀུར་ཁྱིམ་སྐྱོང་གི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་སྟེ་སྤྱི་ཚོགས་ཧྲིལ་པོས་དམག་མིའི་ལས་རིགས་ལ་བརྩི་བཀུར་ཞུ་བའི་རྣམ་པ་བཟང་པོ་བཏོད་ཡོད། འོན་ཀྱང་། གཟི་བརྗིད་བྱང་བུ་འགེལ་བའི་བརྒྱུད་རིམ་ཁྲོད་གནད་དོན་ཁ་ཤས་ཐོན་པ་དཔེར་ན། ས་་ཁུལ་ལ་ལར་གཟི་བརྗིད་བྱང་བུ་རང་དགར་ལེན་པ་དང་། ཐེམ་ཁུངས་ས་དེ་རང་དུ་མིན་པའི་གཏན་སྡོད་བྱེད་མཁན་ལ་གཟི་བརྗིད་བྱང་བུ་མི་འགེལ་བ། མཛད་སྒོའི་སེམས་པ་དང་དྲིལ་བསྒྲགས་བྱེད་ཤུགས་མི་འདང་བ་སོགས་ལས་དོན་གྱི་ཕན་འབྲས་ལ་ཤུགས་རྐྱེན་བཟོ་བ་དང་གཟི་བརྗིད་བྱང་བུ་སྤྲོད་ཡུལ་བློ་ཡིད་མི་ཚིམ་པའི་གནས་ཚུལ་ཐོན་ཡོད།

    གནད་དོན་དེ་དག་ལ་དམིགས་ནས། ཉེ་དུས། དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་པུའུ་ཡིས་ཆེད་མངགས་བརྡ་ཐོ་བཀྲམ་ནས《ལག་བསྟར་བྱ་ཐབས》ཀྱི་གཏན་འབེབས་བླང་བྱར་ནན་པོར་གཞིགས་ནས་གཟི་བརྗིད་མཚན་སྙན་མངོན་པ་དང་། ཚད་ལྡན་དང་གོ་རིམ་ལྡན་པ། རིམ་དབྱེ་འགན་འཁུར། གཏོགས་ཁོངས་དོན་འཁྱོལ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རིམ་གྱིས་འགན་འཁྲི་དཀྲིས་བ་དང་ལས་ཀའི་ཕན་འབྲས་དོན་འཁྱོལ་བྱས་ནས་ཆ་རྐྱེན་དང་འཚམ་པའི་གཟི་བརྗིད་བྱང་བུ་སྤྲོད་ཡུལ་ལ་བྱང་བུ་སྤྲོད་དགོས་པ་དང་། ཞིང་ཆེན་ཁག་གི་དམག་ཞབས་ཐིམས་པའི་དམག་མིའི་ལས་དོན་ཐིང(ཅུས)གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཐོན་པའི་གནད་དོན་གྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་བ་དང་ཐག་གཅོད་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    བརྡ་ཐོའི་ནང་། གཟི་བརྗིད་བྱང་བུ་འགེལ་བའི་མཛད་སྒོའི་རྣམ་པར་སྣང་ཆེན་དང་འབུར་ཐོན་བྱེད་དགོས། ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཟི་བརྗིད་བྱང་བུ་འགེལ་བའི་མཛད་སྒོ་གཅིག་སྡུད་ངང་སྤེལ་ཏེ་བག་ཆགས་ལྡན་ལ་བརྗིད་ཉམས་ལྡན་པ་དང་བརྩེ་སེམས་ལྡན་ལ་སྤྲོ་སེམས་ལྡན་པ་བྱེད་དགོས། གཟི་བརྗིད་བྱང་བུ་ལེན་མཁན་གྱིས་བྱང་བུ་འགེལ་བའམ་ཡང་ན་འཇོག་པའི་འདུན་པར་བརྩི་འཇོག་བྱས་ནས་བྱང་བུ་འགེལ་དགོས་ན་ངེས་པར་དུ་ཆེད་དམིགས་བཀོད་སྒྲིག་བྱས་ནས་བྱང་བུ་འགེལ་སའི་གནས་ཡག་པོ་འདེམས་པ་དང་། གཟི་བརྗིད་བྱང་བུ་འགེལ་མཁན་གྱིས་རང་དགར་གཟི་བརྗིད་བྱང་བུ་ལེན་པའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་བྱ་བཟང་ཡག་པོ་སྒྲུབ་པ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དགའ་གཅེས་སེམས་སུ་ཟུག་པར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

    བརྡ་ཐོའི་ནང་། གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་གྱི་ཡིག་ཚགས་དང་གཱ་བཟོས་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དམག་ཞབས་ཐིམས་པའི་དམག་མི་དང་། དེ་མིན་གྱི་གཟིགས་སྐྱོང་བྱ་ཡུལ་གྱི་ཆ་འཕྲིན་བསྡུ་ལེན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་དུས་ཐོག་ཏུ་དྲ་ཐོག་ཏུ་ཐོ་འགོད་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། དྲ་ཐོག་ཐོ་འགོད་ནང་གཟི་བརྗིད་བྱང་བུ་འགེལ་ཡུལ་གྱི་ནང་མིའི་ཁྱིམ་བདག་གི་གཞི་རྩའི་ཆ་འཕྲིན་དང་། ནང་མིའི་གནས་ཚུལ། ཐེམ་ཐོ་གནས་ས། ད་ལྟའི་སྡོད་གནས། བྱང་བུ་འགེལ་བའི་དུས་ཚོད། བྱང་བུ་འགེལ་ཐབས། འགྱུར་ལྡོག་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ཐོ་འགོད་བྱས་ཏེ་སྒུལ་རྣམ་དོ་དམ་དང་དུས་བཀག་གསར་འབྱེད་བྱེད་དགོས་པ་བཏོན་ཡོད།

    བརྡ་ཐོའི་ནང་། སྨྱན་སྦྱོར་ཁག་ལ་བརྟེན་པ་དང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་གཟི་བརྗིད་བྱང་བུ་འགེལ་བའི་ལས་དོན་གྱི་དྲིལ་བསྒྲགས་འཕྲིན་སྤེལ་ལ་ཤུགས་སྣོན་རྒྱག་པ་དང་། ལས་དོན་གྱི་འཕེལ་རིམ་གནས་ཚུལ་འཕྲིན་སྤེལ་བྱས་ཏེ་བྱང་བུ་འགེལ་ཡུལ་གྱིས་གཟི་བརྗིད་བྱང་བུ་ག་དུས་འགེལ་མིན་རྟོགས་པར་བྱེད་དགོས་ལ། ལས་དོན་གྱི་གྲུབ་འབྲས་འཕྲིན་སྤེལ་དང་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཧྲིལ་པོས་དམག་ཞབས་ཐིམས་པའི་དམག་མིར་བརྩི་འཇོག་དང་དངོས་ཞབས་དམག་མིར་བརྩི་འཇོག་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།