[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་བསྡུའི་སྒྲིག་ལམ་ཚད་ལྡན་ནན་པོ་བཟོ་དགོས་པའི་ཛ་དྲག་བརྡ་ཐོ་བཏང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-05-26

    ས་ཁུལ་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི“བཀག་རྒྱ་ཁག་བཅུ”ལག་ལེན་ནན་པོ་བསྟར་བ། མཐོ་སློབ་ཡིག་རྒྱུགས་སློབ་བསྡུའི“གཞི་རྩའི་བླང་བྱ་ཁག་བརྒྱད”དང“བྱེད་མི་ཆོག་པ་30” སློབ་བསྡུའི་ཆ་འཕྲིན“ཡོངས་བསྒྲགས་བཅུ”སོགས་གཏན་འབེབས་ལག་ལེན་ནན་པོ་བསྟར་དགོས།

    ཉེ་བའི་ཚུན་དུ། ས་ཁུལ་དང་སློབ་གྲྭ་ཁག་གཅིག་ཏུ་ཚད་གཞི་མི་འདྲ་བའི་སློབ་བསྡུའི་སྒྲིག་སྲོལ་ལས་འགལ་བའི་བྱ་སྤྱོད་ཐོན་ནས། སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད། ཉེ་ཆར། སློབ་གསོ་པུས《སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་བསྡུའི་སྒྲིག་ལམ་ཚད་ལྡན་ནན་པོ་བཟོ་རྒྱུའི་སྐོར་གྱི་ཛ་དྲག་བརྡ་ཐོ》བཀྲམ་སྟེ། ས་ཁུལ་དང་སློབ་གྲྭ་ཁག་གིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་བསྡུའི“བཀག་རྒྱ་ཁག་བཅུ”ལག་ལེན་ནན་པོ་བསྟར་བ། མཐོ་སློབ་ཡིག་རྒྱུགས་སློབ་བསྡུའི“གཞི་རྩའི་བླང་བྱ་ཁག་བརྒྱད”དང“བྱེད་མི་ཆོག་པ་30” སློབ་བསྡུའི་ཆ་འཕྲིན“ཡོངས་བསྒྲགས་བཅུ”སོགས་གཏན་འབེབས་ལག་ལེན་ནན་པོ་བསྟར་ཐོག ལྟ་འདོམས་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས། ཡིག་རྒྱུགས་སློབ་བསྡུའི་ལས་དོན་ལས་ཕྱོད་ཆེ་ལ་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དེ་ནི་ཚེས་24ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བའི་གནས་ཚུལ་རེད།

    《བརྡ་ཐོའི》ནང་། ས་ཁུལ་ཁག་གིས་འོས་འགན་སློབ་གསོའི་ཡིག་རྒྱུགས་གཏོང་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་བྱེད་པའི་གཏན་འབེབས་སྔར་བས་དོན་འཁྱོལ་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཞབས་ཞུའི་ཡུག་ཁུལ་གྱི་ཁྱབ་ཁོངས་དབྱེ་སྟེ། འོས་འགན་སློབ་གསོའི་ཡིག་རྒྱུགས་གཏོང་མི་དགོས་པར་ཐག་ཉེ་སར་སློབ་ཞུགས་ཀྱི་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས་པ་དང་། ལེགས་ཉེས་ཟུང་འབྲེལ་གྱི་རྩ་དོན་གཞིར་བཟུང་ཁ་གཏད་ཐད་ཞུགས་ཀྱི་དམའ་འབྲིང་དང་སློབ་ཆུང་ལུགས་མཐུན་ངང་བཀོད་སྒྲིག་བྱེད་དགོས། འོས་འགན་སློབ་གསོའི་དུས་མཚམས་ཀྱི་དམངས་བཙུགས་སློབ་གྲྭའི་སློབ་བསྡུའི་བྱེད་སྤྱོད་སྔར་བས་ཚན་ལྡན་བཟོས་ཏེ། དམངས་བཙུགས་འོས་འགན་སློབ་གསོའི་སློབ་གྲྭའི་སློབ་བསྡུ་ཁོངས་གཏོགས་ཁུལ་གྱི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་གཅིག་གྱུར་དོ་དམ་བྱེད་པའི་ནང་བཅུག་ནས། གཞུང་བཙུགས་སློབ་གྲྭ་དང་དུས་གཅིག་ཏུ་སློབ་བསྡུ་བྱེད་པ་ལས་སྔ་སྣུར་དུ་སློབ་བསྡུ་དང་། ཡིག་རྒྱུགས་སམ་ངོ་བོ་འགྱུར་བའི་ཡིག་རྒྱུགས་བརྒྱུད་སློབ་ཁུངས་འདེམས་པ། རྣམ་པ་གང་རུང་ཞིག་གི་ཐོག་ནས་སློབ་བསྡུའི་སྒྲིག་ལམ་ལ་འགོག་རྐྱེན་དང་གཏོར་བཤིག་གཏོང་བ་བཅས་བྱེད་མི་ཆོག་པར། སློབ་ཁུངས་ཁུལ་གྱི་སློབ་བསྡུའི་སྒྲིག་ལམ་ལ་རྡབ་སིག་གཏོང་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    《བརྡ་ཐོའི》ནང་། ས་ཁུལ་ཁག་གིས་མཐོ་འབྲིང་དཀྱུས་མའི་སློབ་བསྡུའི་བྱེད་སྤྱོད་སྔར་བས་ཚན་ལྡན་བཟོས་ནས། མཐོ་འབྲིང་དཀྱུས་མའི་སློབ་གྲྭ་ཚང་མས་གཏན་འབེབས་བྱས་པའི་སློབ་བསྡུའི་ཁྱབ་ཁོངས་དང་། སློབ་བསྡུའི་འཆར་གཞི། སློབ་བསྡུའི་དུས་ཚོད། སློབ་བསྡུ་བྱ་ཐབས་བཅས་གཞིར་བཟུང་། གཅིག་གྱུར་སློབ་བསྡུ་བྱེད་པ་ལས་སྒྲིག་འགལ་ངང་སློབ་ཁུངས་ཧབ་ཐོབ་རྒྱག་པ་དང་། འཆར་གཞི་ལས་བརྒལ་བའི་སློབ་བསྡུ། སྔ་སྣུར་དུ་སློབ་བསྡུ་བཅས་བྱེད་མི་ཆོག་པ་མ་ཟད། དམངས་བཙུགས་སློབ་གྲྭ་དང་གཞུང་བཙུགས་སློབ་གྲྭས་ཉ་ཉུང་མཉམ་བསྲེས་ཀྱིས་སློབ་བསྡུ་ཡང་བྱེད་མི་ཆོག རང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)གྱི་མཐོ་རྒྱུགས་མིང་ཐོ་འགོད་པའི་ཆ་རྐྱེན་དང་མ་འཚམ་པའི་སློབ་མ་བསྡུ་མི་ཆོག་ལ། གནས་བཅོལ་སློབ་མ་བསྡུ་མི་ཆོག་པ་དང་རང་སློབ་གྲྭར་སློབ་སྦྱོང་བྱེད་མྱོང་མེད་པའི་སློབ་མར་སློབ་མའི་ཐེམ་ཐོ་སྟོང་པ་སྤྲོད་མི་ཆོག “མི་དང་ཐེམ་ཐོ་ཡ་བྲལ”བྱེད་མི་ཆོག་ལ་དུས་གཅིག་ཏུའམ་སྣོལ་སྡེབ་ཀྱིས་མཐོ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭར“སློབ་མའི་ཐེམ་ཐོ་གཉིས་བཟོ”བྱེད་མི་ཆོག འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་བྱེད་སྤྱོད་སྔར་བས་ཚད་ལྡན་བཟོ་བ་དང་། དུས་ཚོད་གཏན་འཁེལ་ཐོག་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་བསྡུའི་འོས་ཐོབ་ལ་ཞིབ་བཤེར་བྱས་ཏེ། སློབ་གསོའི་གཙོ་གཉེར་སྡེ་ཚན་གྱི་མོས་མཐུན་མེད་པར་ཞིང་ཆེན་བརྒལ་བའི་སློབ་བསྡུ་བྱེད་མི་ཆོག་པ་མ་ཟད། སྐབས་འཕྲལ་ཐེམ་ཐོ་སྤོ་སྒྱུར་སོགས་ཐབས་ཤེས་སྤྱད་དེ་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་འོས་ཐོབ་གཡོ་ལེན་སོགས་ཀྱི་བྱེད་སྤྱོད་སྤེལ་མི་ཆོག སློབ་གསོའི་གཙོ་གཉེར་སྡེ་ཚན་ལ་ཐོ་འགོད་སྙན་ཞུ་མ་བྱས་པར་མཉམ་ལས་སློབ་གཉེར་བྱེད་མི་ཆོག་པ་བཅས་ཀྱི་ནན་བཤད་བྱས་ཡོད།

    《བརྡ་ཐོའི》ནང་། གཅིག་གྱུར་ཐོག་མཐོ་རྒྱུགས་སློབ་བསྡུ་བྱ་རྒྱུའི་དོ་དམ་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། མཐོ་སློབ་ཀྱི་རང་བརྟེན་སློབ་བསྡུ་སོགས་དམིགས་བསལ་རིགས་ཀྱི་སློབ་བསྡུ་སྔར་བས་ཚད་ལྡན་བཟོ་བ། མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་འོས་ཐོབ་དང་སྐར་སྣོན་སྤྲོད་པའི་འོས་ཐོབ་ལ་ཞིབ་དཔྱད་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། “མཐོ་རྒྱུགས་ཀྱི་གནས་སྤོས་ཡུལ་མིར”ཕྱོགས་བསྡུས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས། ཁྲིམས་འགལ་སྒྲིག་འགལ་ཐོག་ནས་མཐོ་རྒྱུགས་ཀྱི་མིང་ཐོ་འགོད་པའི་འོས་ཐོབ་རག་ཐབས་བྱེད་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། མཐོ་རྒྱུགས་ཀྱི་སྐར་སྣོན་འོས་ཐོབ་ལ་ཞིབ་དཔྱད་བྱ་རྒྱུ་ནན་ཏུ་བཏང་ནས། སྐར་སྣོན་སྲིད་ཇུས་ཀྱི་བེད་སྤྱོད་ཁྱབ་ཁོངས་ལག་བསྟར་ནན་པོ་བྱེད་དགོས། སློབ་བསྡུའི་ཚད་གཞི་སྔར་བས་མཐོ་རུ་བཏང་ནས། རང་བརྟེན་སློབ་བསྡུའི་ནང་ཞུགས་མཁན་མཐོ་སློབ་ཀྱི་ཞིབ་དཔྱད་དང་འོས་ཐོབ་ལྡན་པའི་སློབ་མའི་མི་གྲངས་གཏན་འཁེལ་ལུགས་མཐུན་བྱེད་པ་དང་། ལུས་རྩལ་དང་སྒྱུ་རྩལ་རིགས་ཀྱི་སློབ་བསྡུའི་ཆེད་གཏོང་ཚོད་རྒྱུགས་ཀྱི་བླང་བྱ་དང་རིག་གནས་སློབ་ཚན་གྱི་སྦྱངས་འབྲས་ཀྱི་སློབ་བསྡུའི་བླང་བྱ་སྔར་བས་མཐོ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    《བརྡ་ཐོའི》ནང་། ས་ཁུལ་དང་སློབ་གྲྭ་ཁག་གིས་སློབ་བསྡུའི་ཆ་འཕྲིན་ཡོངས་བསྒྲགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ནས། རང་འགུལ་ངང་སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས། སློབ་བསྡུའི་དུས་མཚམས་མི་འདྲ་བར་སློབ་བསྡུའི་ཉེན་བརྡ་གཏོང་བའམ་གྱོད་དཔེ་དྲིལ་བསྒྲགས་དུས་དང་འཚམ་པ་བྱེད་དགོས། སློབ་བསྡུའི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། དེ་སྔ་སྒྲིག་འགལ་སློབ་བསྡུ་བྱེད་མྱོང་ཡོད་པའི་སློབ་གྲྭར་གཙོ་གནད་གྲལ་བཤེར་བྱས་ཐོག དུས་ཐོག་ཏུ་སྒྲིག་འགལ་སྲོལ་འགལ་གྱི་སློབ་བསྡུའི་བྱེད་སྤྱོད་སྣ་ཚོགས་དག་ཐེར་བྱེད་དགོས། རྒྱལ་ཁབ་སློབ་གསོའི་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པ་དང་། ཡིག་རྒྱུགས་གཏོང་བ། སློབ་མ་བསྡུ་བའི་བརྒྱུད་རིམ་ནང་ཐོན་པའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་འབྲེལ་ཡོད་བཅའ་ཁྲིམས་ཀྱི་སྒྲིལ་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱེད་དགོས། དེ་དང་དུས་མཚུངས། སློབ་གསོའི་སྲིད་འཛིན་སྡེ་ཚན་དང་དམའ་འབྲིང་དང་མཐོ་འབྲིང་སློབ་གྲྭས་འབྲིང་རྒྱུགས་དང་མཐོ་རྒྱུགས་ཀྱི་རྒྱུགས་འབྲས་ཨང་དང་པོ་ཐོབ་མཁན་དང་སློབ་རིམ་འཕར་ཚད་དམ་དམའ་འབྲིང་དང་མཐོ་འབྲིང་ཡིག་རྒྱུགས་ཀྱི་ཨང་རིམ་དྲིལ་བསྒྲགས་བྱེད་མི་ཆོག་པའི་ནན་བཤད་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།