[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཞན་གྱི་སྔོན་ལ་དབུལ་སྒྲོལ་བྱས་ནས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་པ།

    —— རང་རྒྱལ་གྱི་མི་རིགས་ཨང་ང་དྲུག་པ་ཅི་ནུའོ་རིགས་དབུལ་སྒྲོལ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-24

    ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70སོང་རིང་། ཅི་ནུའོ་རིགས་ལ་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་ལོ་ངོ་སྟོང་གི་འཕེལ་རྒྱས་བྱུང་ཡོད། ད་ཆའི་ཅི་ནུའོ་རིགས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་འབད་འབུངས་ཧུར་ཐག་གིས་སྐྱོད་བཞིན་ཡོད།

    ཐག་རིང་ལུང་ཁུག་གི་གྲོང་ཚོས་སྒོ་ཕྱེ་ནས་ཕྱོགས་བཞིའི་མགྲོན་པོ་བསུས་པ། 

    ཅི་ནུའོ་གྲོང་ཚོ་ནི་ཡུན་ནན་གྱི་ལྷོ་མཐར་གནས་ཤིང་། རྡོ་བརྐོས་ལྷ་མོ་ཆེན་པོ་ཞིག་གི་མདུན་དུ། ཡུལ་སྐོར་སྣེ་ཤན་པ་ཅི་ཁྲུན་ལི་ཡིས་ཡུལ་སྐོར་བ་ཚོར“འདི་ནི་ཅི་ནུའོ་རིགས་ཀྱི་མེས་པོ‘ཨཱ་མོ་ཡའོ་པེ’རེད”ཅེས་འགྲེལ་བཤད་བརྒྱབ།

    མཛེས་ལྗོངས་དེ་ཤིས་ཧྲོང་པན་ནཱ་ཏའེ་རིགས་རང་སྐྱོང་ཀྲོའུ་ཅིན་ཧུང་གྲོང་ཁྱེར་ཅི་ནུའོ་ཧྲན་ཤང་དུ་ཡོད་ལ། དེ་ནི་ཅི་ནུའོ་རིགས་ཀྱི་གནའ་བོའི་གྲོང་གྲོ་པཱ་ཕོ་ལ་བརྟེན་ནས་བསྐྲུན་པ་ཞིག་རེད། རྒྱལ་ཡོངས་སུ་ཅི་ནུའོ་རིགས་མི་ཁྲི་2ལྷག་ཙམ་ལས་མེད་ལ་མང་ཆེ་བ་དེ་གར་འདུས་སྡོད་བྱེད་ཀྱི་ཡོད།

    ཤིས་ཧྲོང་པན་ནཱ་ནི་ཡུལ་སྐོར་གནས་མཆོག་ཅིག་རེད། ཅི་ནུའོ་ཧྲན་ཤང་ཀྲོའུ་སྲིད་གཞུང་གནས་སའི་གྲོང་ཁྱེར་དང་ཐག་ཅུང་ཉེ་པས། དེ་སྔའི་ཐག་རིང་ལུང་ཁུག་ཏུ་ཡོད་པའི་དབུལ་ཕོངས་རྗེས་ལུས་ཀྱི་ཅི་ནུའོ་ཧྲན་ཤང་གིས་ད་ཆ་སྒོ་ཕྱེ་ནས་ཕྱོགས་བཞིའི་མགྲོན་པོ་བསུ་བཞིན་ཡོད།

    ཅི་ནུའོ་ཧྲན་ཤང་སྲིད་གཞུང་གིས། 2018ལོར། ཅི་ནུའོ་ཧྲན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཁྲི་17ཙམ་ལ་སྣེ་ལེན་ཞུས་པ་དང་། འདི་ལོའི་ཟླ་དང་པོ་ནས་ལྔ་པའི་བར་ཡུལ་སྐོར་བ་མི་ཁྲི་10ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་ཅེས་ངོ་སྤྲོད་བྱས།

    ཡུལ་སྐོར་ལས་ས་གནས་དེ་གའི་གྲོང་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་འདེད་ཐུབ་ཡོད། མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་མཁན་གྲོང་མི་60ལྷག་ཙམ་ཡོད་ལ། ཁོང་ཚོར་ཟླ་རེར་ཡོང་འབབ་སྒོར་ཉིས་སྟོང་སུམ་སྟོང་ནས་བཞི་སྟོང་ལྔ་སྟོང་བར་ཡོད། མཛེས་ལྗོངས་ཁུལ་གྱིས་པཱ་ཕོ་གྲོང་ཚོར་ལོ་རེར་ཁེ་སྤོགས་སྒོར་ཁྲི་30རེ་བགོ་བཤའ་རྒྱག་གི་ཡོད། དེས་མ་ཟད་ད་དུང་རིན་མེད་ཁྲོམ་སྟེགས་ཁག་ཅིག་མཁོ་འདོན་བྱས་ནས་གྲོང་མི་ཚོར་ཤིང་ཏོག་དང་སྦྲང་རྩི་སོགས་ཡུལ་ཟོག་ཐོན་རྫས་ཚོང་དུ་འཇུག་གི་ཡོད།

    དྲ་ཐོག་ནས་ཐོན་རྫས་ཕྱིར་ཚོང་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ།

    ཀྲུང་གོའི་ལྷོ་ནུབ་ཏུ་ཡོད་པའི་ཅི་ནུའོ་གྲོང་ཚོའི་གྲོང་མི་ཁྲུན་ལེ་ཡིས་ཉེ་ཆར་སྐད་འཕྲིན་བརྒྱུད་དེ་ཕུའུ་ཨར་ཇ་ལོ་སྤྱི་རྒྱ་25ཧེ་ལུང་ཅང་ཞིང་ཆེན་དུ་བཙོང་པར་སྒོར་ཁྲི་2རག་ཡོད་པ་རེད།

    “སྔོན་ཆད་ཇ་ལོ་འཚོང་རྒྱུ་དངུལ་སྨར་འཁྱེར་ནས་ཉོ་བར་ཡོང་མཁན་སྦྱིན་བདག་སྒུག་དགོས་ཀྱི་ཡོད། ད་ཆ་གྲོགས་སུ་བཏང་ནས་བཙོང་ཆོག”ཅེས་ཁྲུན་ལེ་ཡིས་བརྗོད།

    ལོ་38ལ་སོན་པའི་ཁྲུན་ལེ་ནི་ཅི་ནུའོ་ཧྲན་ཤང་ལོ་ཐེ་གྲོང་ཚོ་ནས་ཡིན་ཞིང་། ཁོང་ཚང་ལ་མི་མང་ཞིང་ཡོང་འབབ་ཉུང་བས་2014ལོར་དུད་ཚང་དབུལ་པོར་གཏན་འཁེལ་བྱས། ལོ་32ལ་མ་སོན་གོང་ཁོང་གིས་དངུལ་བཅོལ་འཛིན་དང་དངུལ་ཁང་གི་གཱ་བེད་སྤྱོད་གཏོང་མྱོང་མེད། མཚམས་རེར་དངུལ་ཏོག་ཙམ་རག་དུས་སྨྱུག་སྒམ་ཞིག་ཏུ་བླུགས་ནས་ཉར་གྱི་ཡོད། ནམ་རྒྱུན་གཞན་ལ་དངུལ་གཡར་ནས་འཚོ་བ་སྐྱེལ་གྱི་ཡོད།

    སྲིད་གཞུང་གིས་ཁྲིད་སྟོན་དང་གསོ་སྦྱོང་བྱས་པ་བརྒྱུད། ཁྲུན་ལེ་ནང་མི་ཚོས་འགྱིག་ཤིང་དང་། ཨ་མྲ། སྣོད་བཅུད་ཇ་སོགས་མུའུ་110ལྷག་ཙམ་བཏབ། ཇ་ལོའི་རིན་གོང་མཐོ་རུ་ཕྱིན་པ་དང་ཆབས་ཅིག་འགྱིག་ཤིང་གི་ཕན་འབྲས་ཀྱང་ཆེ་རུ་ཕྱིན་པ་དང་ཁོང་གི་ཁྱིམ་ཚང་གི་ཡོང་འབབ་མགྱོགས་མྱུར་མང་དུ་སོང་ནས་2015ལོར་དབུལ་སྒྲོལ་བྱུང་བ་རེད། ན་ནིང་ཁོང་གིས་ཇ་ལོ་བཙོངས་པར་སྒོར་ཁྲི་5དང་། ཇ་ལོ་ཉོ་སྒྲུབ་ཀྱིས་ལས་སྣོན་བྱས་ནས་བཙོངས་པར་སྒོར་ཁྲི་8 འགྱིག་ཤིང་བཅད་ནས་བཙོངས་པར་སྒོར་ཁྲི་1 ཤ་མོ་དམར་པོ་བཙོངས་པར་སྒོར་ཉིས་སྟོང་ནས་གསུམ་སྟོང་བར་བཅས་བྱུང་ཡོད།

    ཁྲུན་ལེ་ཁྱིམ་ཚང་ནི་ཅི་ནུའོ་རིགས་ཀྱི་ཐོན་ལས་ལ་འགྱུར་ལྡོག་བྱུང་བའི་བསྡུས་རིས་ཤིག་རེད།

    ལོ་40ཡི་གོང་ཅི་ནུའོ་རིགས་ཞེས་པའི་མི་རིགས་ཀྱི་མིང་གཏན་འཁེལ་བྱས་ནས་རང་རྒྱལ་གྱི་མི་རིགས་ཨང་ང་དྲུག་པར་གྱུར།

    འདི་ལོའི་ཟླ་བཞི་པར་ཅི་ནུའོ་རིགས་ཀྱིས“མི་རིགས་ཧྲིལ་པོ་དབུལ་སྒྲོལ་བྱ་རྒྱུ་ཡིན”ཞེས་ཁྱབ་བསྒྲགས་བྱས་ཡོད།

    ད་ཆ་ཅི་ནུའོ་ཧྲན་ཤང་གི་གྲོང་ཚོ་ཚང་མར་ལམ་དང་། ཆུ། གློག བརྙན་འཕྲིན། 4Gབཅས་ཤར་གཏོང་བྱུང་བ་དང་། ཁྱིམ་ཚང་ཚང་མ་བདེ་སྡོད་ཁང་པར་སྡོད་རྒྱུ་བྱུང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བ། སློབ་མ་ལས་ཞུགས་ཐུབ་པ། མི་དམངས་ནད་བསྟེན་པར་འགན་ལེན་བྱུང་ཡོད། ཤང་ཡོངས་ཀྱི་དུད་ཚང་རེར་ཆ་སྙོམས་སྦག་སྦག་1.5ཡོད་པ་མ་ཟད་ཞིང་དུད་གསུམ་ཆ་གཅིག་ལ་འཇིབ་ཆུང་ཡང་ཡོད། དེ་སྔོན་དབུལ་ཕོངས་རྗེས་ལུས་ཀྱི་ཐག་རིང་ལུང་ཁུག་ནས་ད་ཆ་དཔྱིད་ཀྱི་དཔལ་ཡོན་རབ་ཏུ་བཞད་པའི་རྣམ་པ་མངོན་གྱི་ཡོད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཙི་ལེང་དང་། ཝུའུ་ཞའོ་དབྱང་། དབྱང་ཅིང་བཅས་ཀྱིས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།