[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྲོང་གསེབ་ཀྱི་ལུས་རྩལ་སྒྲིག་བཀོད་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁྲི་57ཙམ་ལ་ཁྱབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རང་རྒྱལ་གྱིས《བདེ་ཐང་ཀྲུང་གོའི་བྱ་སྤྱོད(2019ལོ་ནས་2030ལོ་བར)》བཀྲམ་པའི་ནང་དམངས་ཡོངས་ལུས་སྦྱོང་གི་བྱ་སྤྱོད་སྤེལ་དགོས་ལུགས་བཏོན་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཚོགས་སྤྱི་སིའི་སི་ཀྲང་ལང་ཝུའེ་ཡིས་ཚེས་19ཉིན་ང་ཚོས“ཞིང་པའི་ལུས་རྩལ་དང་ལུས་སྦྱོང་འདུ་འགོད”ལག་བསྟར་དང་དེར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར“ལུས་རྩལ་ཐང་གཅིག་དང་སྒྲོམ་སྟེགས་གཉིས”སོགས་ལུས་རྩལ་སྒྲིག་བཀོད་བསྐྲུན་པ་དང་། སྒྲིག་བཀོད་དེ་དག་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ཁྲི་57ཙམ་ལ་ཁྱབ་ཡོད་ཅེས་བརྗོད་པ་རེད།

    ལང་ཝུའེ་ཡིས་དེ་ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གྲོང་གསེབ་ས་ཁུལ་གྱི་ལུས་སྦྱོང་བྱ་ཡུལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད། ང་ཚོས་རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར“ལུས་རྩལ་ཐང་གཅིག་དང་སྒྲོམ་སྟེགས་གཉིས”སོགས་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་བྱས་པའི་ནང་། ཚད་ལྡན་གྱི་ལན་ཆིའུ་སྤོ་ལོའི་ཐང་གཅིག་དང་ཕིང་ཕང་སྤོ་ལོའི་སྒྲོམ་སྟེགས་གཉིས་ཚུད་ཡོད། མིག་སྔར་ད་དུང་སྲིད་འཛིན་གྲོང་ཚོ་ཁྲི་5ལྷག་ཙམ་ལ་སྒྲིག་བཀོད་ཁྱབ་ཐུབ་མེད་པས། གོམ་སྟབས་རྗེས་མར་ང་ཚོས་གྲོང་ཚོ་ཁྲི་5ལྷག་ཙམ་ལ་ལུས་རྩལ་སྒྲིག་བཀོད་ཁྱབ་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ལང་ཝུའེ་ཡིས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་དེ་བས་སྟབས་བདེའི་དམངས་ཡོངས་ལུས་སྦྱོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་ཆེད། བདེ་ཐང་ཀྲུང་གོའི་བྱ་སྤྱོད་ནང་། 2022ལོ་དང་2030ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཁྲོད་ནས《རྒྱལ་དམངས་ཀྱི་གཟུགས་པོ་ཡག་ཉེས་ཚད་འཇལ་གྱི་ཚད་གཞིའི》ནང་ཚད་ལོན་ཡན་གྱི་མི་གྲངས་ཀྱི་བསྡུར་ཚད་90.86%དང་92.17%ལས་མི་ཉུང་བ་དགོས་པ་དང་། མི་རེའི་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་1.9དང་དེ་ཡན་དང་སྨི་ངོས་གྲུ་2.3དང་དེ་ཡན་དགོས་པ། མི་ཆིག་སྟོང་རེར་སྤྱི་ཚོགས་ཀྱི་ལུས་རྩལ་མཛུབ་ཁྲིད་པ་1.9དང་2.3ལས་མི་ཉུང་བ་དགོས་ལུགས་བཏོན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་མང་པོས་འདི་ལོའི་ལོ་འགོར་བརྡ་ཐོ་བཏང་སྟེ། རླུང་འཕྲིན་ལུས་རྩལ་རྒྱ་ཁྱབ་ངང་ཁྱབ་གདལ་བཏང་སྟེ། རླུང་འཕྲིན་ལུས་རྩལ་ཁྱབ་གདལ་གཏོང་བའི་ལས་དོན་ཐད་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་རླུང་འཕྲིན་ལུས་རྩལ་རྩེ་བའི་ཚ་རླབས་ཤིག་འཕྱུར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཚོགས་སྤྱི་སིའི་སི་ཀྲང་གཞོན་པ་ཆིའུ་རུའུ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ལོ་རེའི་ཟླ་8ཚེས་8ཉིན་ནི་དམངས་ཡོངས་ལུས་སྦྱོང་ཉིན་མོ་ཡིན་པ་དང་། འདི་ལོ་བདེ་ཐང་ཀྲུང་གོའི་བྱ་སྤྱོད་ལ་གཞོགས་འདེགས་བྱས་ཏེ་རླུང་འཕྲིན་ལུས་རྩལ་དང་ལས་གསེང་ལུས་རྩལ་ཁྱབ་གདལ་གཏོང་བའི་ཚ་རླབས་ཤིག་སླར་ཡང་འཕྱུར་བ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།