[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཁེ་ཆང་གིས་འབྲུབ་འགོག་དང་ཉེན་སེལ་གེགས་སེལ་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་གསུངས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཕྲལ་སྡོམ་དོ་དམ་པུའུ་རུ་ཕེབས་ཏེ་རྟོག་ཞིབ་གནང་བ་དང་འབྲེལ་འབྲུབ་འགོག་ཐན་འགོག་ལས་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་མིག་སྔ་དང་དུས་མཚམས་རྗེས་མའི་འབྲུབ་འགོག་དང་ཉེན་སེལ་གེགས་སེལ་ལས་དོན་བཀོད་སྒྲིག་གནང་བ་རེད།

    ལི་ཁེ་ཆང་གིས་འཕྲལ་སྡོམ་དོ་དམ་པུའི་བཀོད་འདོམས་ལྟེ་གནས་སུ་ཕེབས་ཏེ་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེ་དང་ལྷག་པར་དུ་མིག་སྔའི་ཆུ་ལོག་དང་ཞོད་སྐྱོན་གནད་འཚེ་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། འདིར་རྒྱུན་དུ་ཆུ་ཚོད་24ཡི་རིང་རྒྱུན་མི་ཆད་པར་ལས་རེས་བྱེད་བཞིན་ཡོད་པ་གསན་སྐབས་ཁོང་གིས་ལས་དོན་མི་སྣར་འཚམས་འདྲི་ཞུས་པ་དང་འཕྲལ་སྡོམ་ལས་རེས་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་འགན་འཁྲི་རི་བོ་ཐའེ་ཧྲན་ལས་ལྕི་བ་ཡོད་པས་འབྲུབ་འགོག་ཐན་འགོག་ཐད་ལྷོད་གཡེང་སྤུ་ཙམ་ཡང་གཏོང་མི་རུང་བར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་ཞེས་བཀའ་མངགས་གནང་བ་རེད།

    ཚོགས་འདུའི་ཐོག་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ཚབ་ཞུས་ཏེ་སྙན་ཞུ་བྱས་པ་དང་ཆུ་བེད་པུའུ་དང་གནམ་གཤིས་ཅུས་ཀྱི་འགན་འཁུར་བས་གཏམ་བཤད་སྤེལ་བ་རེད། ཕྱོགས་བསྡུས་དབྱེ་ཞིབ་བྱས་པ་བརྒྱུད། འདི་ལོ་ཆར་ཞོད་ཚུགས་ཚུན་རྒྱལ་ཡོངས་ཀྱི་ས་ཆ་མང་པོར་དྲག་ཆར་བབས་པ་དང་ཆུ་བོ་མང་པོར་ཆུ་ལོག་གི་ཉེན་ཁ་ཐོན་ཡོད་པས་འབྲུབ་འགོག་གི་དུས་བབ་ཛ་དྲག་པོ་ཡོད། དེ་དང་ཆབས་ཅིག་འབྲུབ་འགོག་ཐན་འགོག་གི་ལམ་སྲོལ་གསར་པ་དེ་ལོ་དང་པོའི་ཚོད་ལྟའི་དུས་སྐབས་ཡིན་པས་འགྲན་སློང་གསར་པ་འཕྲད་ཡོད། སྔོན་དཔག་བྱས་ན་དུས་མཚམས་རྗེས་མར་ཀྲུང་ཧྭའི་བྱང་རྒྱུད་དང་། བྱང་ཤར། ལྷོ་ནུབ་སོགས་ཀྱི་ས་ཁུལ་མང་ཆེ་བར་ཆར་པ་འབབ་ཚད་དུས་རྒྱུན་ལས་མངོན་གསལ་དོད་པོས་མང་བ་ཡོད་པ་དང་ལྷོ་ཕྱོགས་ཀྱི་ས་ཁུལ་ཁག་གཅིག་ལ་དྲོད་ཚད་མཐོ་པོ་དང་ཐན་པ་བསྟན་སྲིད་པའི་ངོས་འཛིན་བྱས་པ་རེད། ལི་ཁེ་ཆང་གིས་འདི་ལོ་ཆར་ཞོད་ཚུགས་རྗེས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག འབྲེལ་ཡོད་ས་གནས་དང་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལ་གཞིགས་ཏེ་འབྲུབ་འགོག་དང་ཉེན་སེལ་གེགས་སེལ་ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་ཡག་པོ་བསྒྲུབས་པར་ཁས་ལེན་གང་ལེགས་བྱ་རྒྱུ་ཡིན། མིག་སྔར“ཟླ་བདུན་པའི་ཟླ་མཇུག་དང་ཟླ་བརྒྱད་པའི་ཟླ་འགོའི”ཆར་དུས་གཙོ་བོའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་ཚན་པ་ཁག་དང་འབྲེལ་ཡོད་ས་གནས་ཁག་གིས་མུ་མཐུད་འབྲུབ་འགོག་ཐན་འགོག་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་འབྲེལ་ཆུ་རྒྱས་ཚུལ་གྱི་འགྱུར་ལྡོག་ལས་ཐོན་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་གྲ་སྒྲིག་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་འགན་ལེན་དང་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་དགོས་ཞེས་གསུངས་པ་རེད།

    ལི་ཁེ་ཆང་གིས་འབྲུབ་འགོག་ཐན་འགོག་ཐད་སྤྱི་འདོམས་མཐུན་སྦྱོར་དང་གཅིག་གྱུར་བཀོད་འདོམས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། རང་འགན་གཙང་སྒྲུབ། ཕྱར་བ་གྲུ་འདེགས་བཅས་བྱས་ཏེ་ལས་དོན་ཁག་ཏན་ཏིག་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས། གཅིག་ནས་འབྲུབ་ཆུ་རྒྱས་ཚུལ་གྱི་འགྱུར་ལྡོག་ལ་དོ་ཁུར་ཟབ་མོ་བྱས་ཏེ་གནོད་འཚེ་སྔོན་འགོག་གི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། མཉམ་འབྲེལ་གྲོས་མོལ་དང་སྔོན་བརྡ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐོན་བཟོ་ཡོད་པའི་གནད་དོན་ལ་དོ་སྣང་བྱེད་དགོས། ཉམས་ཞན་ལྷུ་ཚིགས་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། རོགས་སྐྱོབ་དཔུང་ཁག་དུས་ཐོག་ཏུ་སླེབས་ཐུབ་པ་དང་གེགས་སེལ་དངོས་ཟོག་དུས་ཐོག་ཏུ་གཏོང་འདྲེན་ཐུབ་པའི་འགན་ལེན་བྱེད་དགོས། གཉིས་ནས་གཙོ་གནད་འབུར་དུ་ཐོན་པ་བྱས་ཏེ་ཆུ་བོ་དང་གཙང་པོ་ཆེ་གྲས་དང་ཆུ་མཛོད་གལ་ཆེན་གྱི་ཆུ་རགས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་མ་ཟད། ཆུ་བོ་འབྲིང་ཆུང་དང་། ཆུ་མཛོད་འབྲིང་ཆུང་། སྤྱིར་བཏང་གི་ཆུ་རགས་བཅས་ཀྱི་བདེ་འཇགས་ཀྱང་འགན་ལེན་བྱེད་དགོས། ཉེན་ཆེའི་ལམ་དུམ་དང་གཙོ་གནད་ཁུལ་དུ་ཆུ་ཚོད་24ཡི་ལས་རེས་བྱེད་ཐབས་དོན་འཁྱོལ་བྱེད་དགོས། ཆུ་བེད་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་ཡག་པོ་བྱེད་དགོས། ཤྭ་འོད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཚོ་རླུང་དྲག་པོ་བྱང་ངོས་སུ་འཚུབ་སྲིད་པའི་གནས་ཚུལ་ལ་དོ་ཁུར་བྱས་ཏེ་ཉེན་ཟོན་སྔོན་བརྡ་དང་འགོག་ཟོན་ཡག་པོ་བྱེད་དགོས། དེ་དང་དུས་མཚུངས་གྲོང་ཁྱེར་གྱི་འབྲུབ་འགོག་དང་འཁྱིལ་ཆུ་བཤངས་འབུད་དང་འགྲིམ་འགྲུལ་མ་ལམ་དང་གློག་ཤུགས་སྒྲིག་བཀོད་གལ་ཆེན་སོགས་ཀྱི་འགོག་སྲུང་ལ་དམ་འཛིན་ཡག་པོ་བྱས་ནས་ཐན་འགོག་དང་གནོད་འཚེ་ཉུང་གཏོང་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་དགོས། གསུམ་ནས་གེགས་སེལ་དང་གནོད་འཚེ་ཉུང་གཏོང་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། གནོད་འཚེའི་གནས་ཚུལ་ཐོན་ཚེ་འཕྲལ་དུ་བྱ་སྤྱོད་སྤེལ་བ་དང་ཐག་གཅོད་བྱས་ཏེ་ཐོན་མ་ཐག་མྱུར་སྐྱོབ་རོགས་སྐྱོབ་དང་མང་ཚོགས་ཉེན་གཡོལ་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། དེ་དང་ཆབས་ཅིག་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ་དང་འབྲེལ་ཁོང་ཚོ་གང་མགྱོགས་ཐོན་སྐྱེད་སླར་གསོ་ཐུབ་རྒྱུར་རོགས་རམ་བྱེད་དགོས་ཞེས་གསུངས་པ་རེད།

    ལི་ཁེ་ཆང་གིས་འཕྲལ་སྡོམ་དོ་དམ་པུའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུལ་གྱི་སྙན་ཞུ་གསན་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། རང་འགུལ་ངང་འགན་འཁྲི་འཁུར་བ་དང་། བྱས་རྗེས་འཇོག་པ། འགག་སྒྲོལ་དཀའ་སེལ་བྱེད་ཕོད་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་དེ་བདེ་འཇགས་ཐོན་སྐྱེད་དང་འཕྲལ་སྡོམ་རོགས་སྐྱོབ་ལས་དོན་ཡག་པོ་སྒྲུབ་པའི་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ལ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།