[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དྲིལ་བསྒྲགས་པུས་ཁྲེན་ལི་ཆུན་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-11

    རྒྱལ་ཡོངས་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་ངང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་དགེ་རྒན་དུས་ཆེན་ཐེངས་35འཆར་བར་བསུ་བ་ཞུ་བའི་མཚམས་སུ། ཚེས་9ཉིན། ཀྲུང་དབྱང་དྲིལ་བསྒྲགས་པུས་པེ་ཅིང་དུ་སྤྱི་ཚོགས་ཡོངས་ལ་ཁྲེན་ལི་ཆུན་གྱི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་བྱས་པ་དང་། ཁོང་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་སྤྲད་པ་རེད།

    ཁྲེན་ལི་ཆུན་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཐའེ་ཅང་རྫོང་མི་རིགས་སློབ་འབྲིང་གི་སློབ་སྤྱི་དང་དེ་སྔའི་ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་ཞོལ་ཅུན་སློབ་འབྲིང་གི་སློབ་སྤྱི་ཡིན་པ་རེད། ཁོང་ནི་དད་སེམས་བརྟན་པ་དང་བློ་གཅིག་སེམས་གཅིག་གིས་སློབ་མ་སྐྱོང་མཁན་ཞིག་ཡིན་ཞིང་། སློབ་ཁྲིད་ཀྱི་ལས་ལ་ཞུགས་པའི་ལོ་ངོ་40ཙམ་གྱི་རིང་སློབ་འབྲིང་གི་སློབ་སྤྱི་ལོ་34བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་མཁན་དང་ཤུལ་འཛིན་པ་གསོ་སྐྱོང་བྱ་རྒྱུར་གཞོལ་ཡོད། ཁོང་ནི་སློབ་ཁྲིད་ལ་དགའ་ཞེན་དང་སློབ་ཁྲིད་བྱེད་པར་མཁས་པ་དང་། གསར་གཏོད་ཀྱི་བསམ་བློ་ལྡན་པ་ཞིག་ཡིན། ཁོང་གིས་ཕུགས་འདུན་ཆེན་པོའི་སློབ་གསོ་དར་སྤེལ་བཏང་སྟེ། རྒྱལ་གཅེས་ཀྱི་བརྩེ་སེམས་དང་། རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བའི་བསམ་པ། རྒྱལ་ཁབ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་བཅས་སློབ་ཁྲིད་དང་དོ་དམ་ནང་བཅུག་སྟེ། སློབ་མ་རྣམས་ལ་སྤྱོད་བཟང་རྒྱུད་ལ་འཇགས་པ་དང་འཇོན་ཐང་ཆེན་པོ་ཆགས་པ་བྱེད་དགོས་པའི་ཁྲིད་སྟོན་བྱས་ཡོད། ཁོང་གིས་ཐོག་མའི་བསམ་འདུན་མ་བརྗེད་པར་དམངས་ལ་ཟོལ་མེད་བརྩེ་བ་བཅངས་ཤིང་། རྒན་ཡོལ་ཞུས་རྗེས་དམངས་གཉེར་སློབ་གྲྭས་གླ་ཕོགས་མཐོ་པོ་སྤྲད་ནས་གདན་ཞུ་བྱས་པ་ཁས་མ་བླངས་པར་ཆན་ཏུང་ནན་གྱི་ས་ཁུལ་དབུལ་པོར་འོས་འགན་སློབ་སྐྱོར་བྱེད་པར་བསྐྱོད་ནས། ལོ་3ལྷག་ཙམ་རིང་ཕུལ་བྱུང་དགེ་རྒན་གྱི་རྐང་འཛིན་པའི་དཔུང་ཁག་ཅིག་གསོ་སྐྱོང་བྱས་པས་སློབ་གྲྭའི་སློབ་གཉེར་སྤུས་ཚད་ཧ་ཅང་མཐོ་རུ་ཕྱིན་ཡོད། ཁོང་གིས་བརྩེ་བ་ཆེན་པོ་སེམས་སུ་བཅངས་ནས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་ཏེ། ཐོག་མཐའ་བར་གསུམ་དུ་ཁྱིམ་ཚང་དབུལ་པོའི་ཕྲུ་གུ་སློབ་གཉེར་འཚར་ལོངས་ཡོང་བར་རོགས་རམ་བྱ་རྒྱུ་དེ་ཉིད་རང་འཁྲིའི་ལས་འགན་ལ་བརྩིས་པ་དང་། སློབ་སྐྱོར་བྱེད་རིང་ལ་ཀླུང་བརྒལ་ཏེ་གྲོང་སྡེ་དང་དུད་ཚང་དུ་བཅར་འདྲིར་བསྐྱོད་པ་མ་ཟད། མེའོ་རིགས་ཀྱི་ཁྱིམ་ཚང་དབུལ་པོ་100ལྷག་ཙམ་ལ་རྒྱུ་དངོས་ཀྱི་རོགས་རམ་བྱས་པ་དང་། ཐའེ་ཅང་རྫོང་གི་ཤང་དང་གྲོང་རྡལ་ཚང་མར་བསྐྱོད་དེ་དྲང་བདེན་གྱི་བྱ་སྤྱོད་ལ་བརྟེན་ནས་མི་སྔར་བས་མང་བ་སློབ་སྐྱོར་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། ཁྲེན་ལི་ཆུན་ལ་དེ་སྔ་སྐབས་དང་པོའི་རྒྱལ་ཡོངས་སློབ་གསོའི་སྒྱུར་བཅོས་གསར་གཏོད་ཀྱི་ཕུལ་བྱུང་སློབ་སྤྱིའི་བྱ་དགའ་དང་2018ལོའི་ཀྲུང་གོའི་སློབ་གསོའི་གྲགས་ཅན་མི་སྣ་ཆེ་གྲས་བཅུ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད་པ་རེད།

    ཉེ་ལམ་ཁྲེན་ལི་ཆུན་གྱི་སྔོན་ཐོན་མཛད་རྗེས་ཀྲུང་དབྱང་སྨྱན་སྦྱོར་གྱིས་གཅིག་སྡུད་དྲིལ་བསྒྲགས་གཏོང་སྤེལ་བྱས་རྗེས་སྤྱི་ཚོགས་ཡོངས་སུ་ཚུར་སྣང་ལན་ཆ་དྲག་པོ་བྱུང་ཡོད། ལས་བྱེད་པ་དང་མང་ཚོགས་ཀུན་གྱིས་ཁྲེན་ལི་ཆུན་ནི་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་སློབ་གསོའི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་པའི་ལག་ལེན་ཁྲོད་ཐོན་པའི་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་དང་། དུས་རབས་གསར་པའི“བཞི་ལྡན”དགེ་རྒན་བཟང་པོའི་ཕུལ་བྱུང་འཐུས་མི་ཡིན་པའི་ངོས་འཛིན་བྱས་པ་རེད། རྒྱ་ཆེའི་དགེ་རྒན་ཚོས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁྲེན་ལི་ཆུན་མིག་དཔེར་བཟུང་ནས་བློ་གཅིག་སེམས་གཅིག་གིས་དཔེ་ཁྲིད་མི་སྐྱོང་ལ་གཞོལ་ཏེ་དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་སྤྲོ་སེམས་དེ་བས་འཕེལ་བའི་སྒོ་ནས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་གཞག་ཁྲོད་ཞུགས་པ་དང་། ཏང་དང་མི་དམངས་ཀྱིས་དཀྲིས་པའི་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་ལག་ལེན་ཏན་ཏིག་བསྟར་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་ཕྱག་རྟགས་འབུལ་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།