[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དར་རྒྱས་འཆམ་མཐུན་གྱི་རླབས་ཆེན་ལེའུ་བརྩམས།

    2017ལོའི་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་བཀྲག་མདངས་འཚེར་ས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-14

    2016ལོའི་ཟླ་11པར་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ནས་བོད་ཀྱི་སླད་ཕྱིན་ལོ་ལྔའི་རིང་གི་འཕེལ་རྒྱས་འཆར་གཞི་དང་དམིགས་ཚད་བཟོས་ཡོད། དུས་ཀྱི་མདའ་མོ་འཁྱུག་ཙམ་ལ་འདས་ནས་ད་ཆ་2017ལོ་ཡང་རྫོགས་ཟིན་པ་དང་ལོ་དེར་ཕྱིར་མིག་ལྟ་སྐབས་དཔལ་འབྱོར་དར་རྒྱས་དང་སྤྱི་ཚོགས་འཆམ་མཐུན་ཡོང་བའི་དམིགས་ཚད་མངོན་འགྱུར་ཡོང་ཆེད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ཚོའི་སྣེ་ཁྲིད་དེ་འགག་སྒྲོལ་དཀའ་སེལ་དང་། གསར་འབྱེད་ཡར་བརྩོན། སྙིང་རུས་གཏན་འཁྱོངས། ཤུགས་སྣོན་ཆད་མེད་བཅས་ཀྱི་སྒོ་ནས་གངས་ལྗོངས་ས་མཐོར་གསོན་ཉམས་དོད་ཅིང་ཉམས་དགའ་བའི་དར་རྒྱས་འཆམ་མཐུན་གྱི་རླབས་ཆེན་ལེའུ་བརྩམས་ཡོད་པ་རེད།

    2017ལོར་རང་ལྗོངས་ཀྱིས་ཀྲུང་དབྱང་གི་མ་དངུལ་བརྩོན་ལེན་ཧུར་ཐག་དང་། སྤྱི་ཚོགས་ཀྱི་མ་དངུལ་དང་དམངས་ཁྲོད་ཀྱི་མ་དངུལ་ཐབས་བརྒྱ་ཇུས་སྟོང་ངང་སྐུལ་སྤེལ། ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་དང་ཐོན་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཅས་བྱས་ནས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བ་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་གཏོང་། ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་བཅས་བྱས་ཡོད། 2017ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལ་མཚོན་ན་མྱུར་ཚད་10.1%གི་ཐོག་ནས་ཀུའེ་ཀྲོའུ་ཞིང་ཆེན་དང་དུས་གཅིག་ཏུ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཁར་དམིགས་ཚད་གཙོ་བོ་ཁག་གཅིག་ཀྱང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།

    2017ལོར་རང་ལྗོངས་ཀྱིས་དམངས་འཚོའི་སྲིད་ཇུས་གལ་ཆེན་ཁག་33ལག་ལེན་བསྟར་བ་དང་། ནོར་ཁྲལ་སྒྱུར་བཅོས་དང་། གྲོང་གསེབ་ཀྱི་ས་ཞིང་ལམ་ལུགས། ནགས་དབང་ལམ་ལུགས། གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས། ཁྲོམ་རའི་ཆོག་འཐུས་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་རབ་དང་རིམ་པ་སྔར་བས་གཏིང་ཟབ་བྱས་ཁར་སྐུལ་འདེད་ཀྱང་བཏང་བ། རང་རྟོགས་ངང“རྒྱུད་གཅིག་ལམ་གཅིག”ནང་མཉམ་དུ་ཞུགས་ནས་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་གང་མགྱོགས་བསྐྲུན་པ་དང་སྐྱིད་གྲོང་འགག་སྒོའི་ཀྲུང་ནེའི་ས་ཁོངས་སྒྲོལ་བའི་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བརྟན་པོ་བཏང་བ། ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་སོང་ནས་སྨན་བཅོས་དང་སློབ་གསོའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་གཏིང་ཟབ་བྱས་པ། དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱ་རྒྱུ་དེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད་པ་རེད།

    2017ལོའི་ཟླ་10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་ལས་ཁང་གིས་རང་ལྗོངས་ཀྱི་ཁྲེང་ཀོན་ཆུས་དང་། གྲོ་མོ་རྫོང་། སྣེ་གདོང་ཆུས། བྲག་ཡིབ་ཆུས། ཁ་རུབ་ཆུས་བཅས་རྫོང་དང་ཆུས་དབུལ་པོ་ལྔ་སྔོན་དུ་དབུལ་ཞྭ་ཕུད་དེ་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱ་རྒྱུའི་ཆོག་མཆན་སྤྲད་ཡོད། རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་ཆེ་ཤོས་ཤིག་ཡིན་པའི་རང་ལྗོངས་ཀྱིས་ཐོན་ལས་དབུལ་སྐྱོར་ལག་ལེན་ཤུགས་ཆེན་བསྟར་བ་དང་། གནས་སྤོས་དབུལ་སྐྱོར་དབུལ་སྒྲོལ་ལ་སྐུལ་འདེད་བརྟན་པོ་བཏང་བ། སྣོད་བཅུད་ཁ་གསབ་ཀྱི་དབུལ་སྒྲོལ་ལས་མང་ཚོགས་ལ་ཕན་པ་ཐོབ་པ། སློབ་གསོའི་དབུལ་སྐྱོར་ལ་ཟམ་མི་ཆད་པར་ཤུགས་སྣོན་ཐེབས་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་བཅོས་ཆེན་པོ་བྱུང་བ། བོད་སྐྱོར་དབུལ་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་བ། བློ་སྐྱོར་རིག་སྐྱོར་གྱི་ཕན་འབྲས་བཟང་བ། སྤྱི་ཚོགས་འགན་ལེན་དབུལ་སྐྱོར་གྱི་མཐའ་སྐྱོང་མཐའ་ཚད་བརྟན་པོ་བྱུང་ཡོད། 2017ལོའི་ཟླ་9པའི་ཟླ་མཇུག་བར་ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་གཅིག་པུས་ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཁྱོན་སྒོར་དུང་ཕྱུར་200ལྷག་ཙམ་དང་ཐོན་ལས་དབུལ་སྐྱོར་གྱི་ཆེད་དམིགས་མ་དངུལ་སྒོར་དུང་ཕྱུར་100བཏང་ནས་རྣམ་གྲངས་1515འཛུགས་སྐྲུན་བྱེད་འགོ་བཙུགས་པས་ཐད་ཀར་མི་ཁྲི་9.2དབུལ་སྒྲོལ་ཡོང་བའི་སྣེ་ཁྲིད་ཐུབ་ཡོད་པ་རེད།

    གམ་པ་རྫོང་གམ་པ་གྲོང་རྡལ་གྱི་བགྲེས་སོང་དབང་འདུས་གཙང་ཞིང་ཡངས་བའི་གྲོང་གསེབ་ཀྱི་གཞུང་ལམ་ཐོག་བསྐྱོད་སྐབས་སེམས་པ་ཧ་ཅང་སྐྱིད་པོ་ཡོད། རྫོང་གྲོང་ནས་མཁོ་ཆས་ཉོས་ནས་ཁྱིམ་དུ་ལོག་པའི་བར་ཆུ་ཚོད་གཉིས་ལས་འགོར་གྱི་མེད། སྤྱི་ལེ་7.8ཟིན་པའི་ལམ་དུ་སྔོན་ཆད་འགྲོ་ཐེངས་གཅིག་ཁོ་ནར་ཆུ་ཚོད་2འགོར་གྱི་ཡོད་པ་རེད།

    “རྫོང་གྲོང་དུ་བསྐྱོད་པའི་ལམ་ཤར་གཏོང་ཐུབ་རྗེས་ལས་ཀ་གང་ཞིག་བྱེད་ཀྱང་ཧ་ཅང་སྟབས་བདེ་པོ་འདུག”ཅེས་བགྲེས་སོང་གིས་འགྲོ་ཞོར་དུ་བརྗོད།

    2017ལོ་ནི་བོད་ཀྱི་རིམ་མཐོའི་གཞུང་ལམ་བསྐྲུན་པའི་གྲུབ་འབྲས་བཟང་བའི་ལོ་ཞིག་ཡིན་ཞེས་བརྗོད་ཆོག ལོ་དེའི་ནང་ཉིང་ཁྲི་ནས་ལྷ་ས་བར་གྱི་རིམ་མཐོའི་གཞུང་ལམ་དང་། རྩེད་ཐང་ནས་གོང་དཀར་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ། གཞིས་རྩེ་གྲོང་ཁུལ་ནས་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་བཅས་ལ་སྔ་རྗེས་སུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལྗོངས་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་འཛུགས་སྐྲུན་གྱི་རྒྱུན་སྲོལ་ལས་བརྒལ་བའི་འཕེལ་རྒྱས་དང་ཡར་རྒྱས་ཆེན་པོ་བྱུང་ནས་ལམ་དྲའི་གྲུབ་ཆ་སྔར་བས་བཟང་སྒྲིག་དང་འགྲིམ་འགྲུལ་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་པ་རེད།

    “རྒྱུད་གཅིག་ལམ་གཅིག”ནི་རྒྱལ་ཁབ་ཀྱི་རེས་སྐོར་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་བྱ་ཐབས་གསར་པ་ཞིག་ཡིན་པ་དང་དེས་བོད་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་རྐྱང་ཞིག་བྱུང་ཡོད།

    འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། 2017ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་47.28ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་22.1%འཕར་ཡོད། དེའི་ནང་ཕྱིར་གཏོང་གི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་21.32ཟིན་ནས་2.5%ཆག་ཡོད། ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་25.96ཟིན་ནས་54.1%འཕར་ཡོད། ཚོང་དོན་གྱི་གཏོང་ཉུང་འདྲེན་མང་གི་ཧེ་བག་སྒོར་དུང་ཕྱུར་4.64ཟིན་ཡོད་པ་རེད།

    “4·25”ས་ཡོམ་བརྒྱབ་རྗེས་འགྲམ་འགག་སྒོ་སྒོ་བརྒྱབ་ནས་ད་བར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་ཁག་གཅིག་དང་ནེ་པ་ལའི་ཉོ་སྒྲུབ་ཚོང་པ་རྣམས་ཀྱིས་ཀོང་ཀྲོའུ་དང་། ཧྲང་ཧའེ། ཉིང་པོ་སོགས་ཀྱི་མཁའ་འགྲུལ་དང་མཚོ་ཐོག་སྐྱེལ་འདྲེན་གྱི་གྲུ་ཁ་ཆེ་གྲས་ལ་འགག་སྒྲོལ་སྙན་ཞུ་དང་འབྲེལ་མཁའ་ཐོག་སྐྱེལ་འདྲེན་དང་མཚོ་ཐོག་སྐྱེལ་འདྲེན་སོགས་ཀྱི་སྐྱེལ་འདྲེན་ཐབས་ལམ་གཞན་བརྒྱུད་ཀྲུང་ནེའི་དབར་ཉོ་ཚོང་བྱེད་པ་དང་ཆབས་ཅིག་ཉོ་སྒྲུབ་དང་། འགག་སྒྲོལ་སྙན་ཞུ། མཛོད་འཇུག ཟོག་འགྲེམས། མཚོ་ཐོག་སྐྱེལ་འདྲེན་སོགས་ཀྱི་འགག་སྒྲོལ་ཐབས་ལམ་འཐུས་སྒོ་ཚང་པོ་ཞིག་གྲུབ་ཡོད་པ་རེད།

    “2017ལོའི་ཟླ་7པར་རྒྱལ་ཡོངས་ཀྱི་འགག་སྒོའི་འགག་སྒྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་དངོས་སུ་བྱས་པ་དེས་ཁེ་ལས་ཀྱིས་དེ་བས་རང་རྟེན་དང་སྟབས་བདེའི་སྒོ་ནས་འགག་སྒྲོལ་སྙན་ཞུ་འབུལ་ཡུལ་དང་ཕྱིར་གཏོང་ནང་འདྲེན་གྱི་འགག་སྒོ་གདམ་ག་བྱེད་ཆོག རང་སྐྱོང་ལྗོངས་ཕྱི་ཕྱོགས་ཚོང་དོན་དུས་ཡུན་རིང་པོ་སྲོལ་རྒྱུན་གྱི་ས་ཐོག་སྐྱེལ་འདྲེན་གྱི་བྱ་ཐབས་ལ་བརྟེན་པའི་བསྡུར་ཚད་ཆག་པ་དང་། མཁའ་ཐོག་སྐྱེལ་འདྲེན་དང་མཚོ་ཐོག་སྐྱེལ་འདྲེན་སོགས་དེ་བས་མགྱོགས་པ་དང་སྟབས་བདེ་བའི་དེང་རབས་ཅན་གྱི་སྐྱེལ་འདྲེན་བྱ་ཐབས་ཀྱི་བསྡུར་ཚད་དེ་མཚུངས་སུ་གོང་མཐོར་ཕྱིན་ནས་རང་སྐྱོང་ལྗོངས་ཕྱི་ཕྱོགས་ཚོང་དོན་གྱི་ཕྱོགས་མང་འབྲེལ་བའི་སྐྱེལ་འདྲེན་རྣམ་པ་ཞིག་རིམ་པས་ཆགས་ཡོད”ཅེས་ལྷ་ས་འགག་སྒོའི་འབྲེལ་ཡོད་འགན་འཁུར་བས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་སྟོབས་ལགས།