[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • “གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་ཏུ་བཏང་ནས་དམངས་གཉེར་དང་ཕྲན་ཚེགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ།

    བོད་ཀྱིས་ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲའི་ཆོག་འཐུས་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-06-10

    ཉེ་ཆར། གསར་འགོད་པར་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་10ཉིན་ནས་བཟུང་རང་ལྗོངས་ཀྱིས་ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲའི་ཆོག་འཐུས་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ་ཡིན་པ་རེད།

    ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲའི་ཆོག་འཐུས་མེད་པར་བཟོ་བ་ནི་རང་ལྗོངས་ཀྱི“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟབ་གཏོང་དང་། ཚོང་གཉེར་ཁོར་ཡུག་ལེགས་གཏོང་། དམངས་གཉེར་ཁེ་ལས་དང་ཕྲན་ཚེགས་ཁེ་ལས་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲའི་ཆོག་འཐུས་མེད་པ་བཟོས་རྗེས་ཁེ་ལས་ཀྱིས་དངུལ་ཁང་ཕྱོགས་གཅིག་ཁོ་ནར་དངུལ་བཅོལ་རྩིས་ཁྲ་འཛུགས་པའི་དོན་དག་རྣམས་སྒྲུབ་ཐུབ། དེས་ཁྲོམ་རའི་བྱེད་པོའི་གསོན་ཤུགས་ཤུགས་ཆེན་འཕེལ་ནས་བོད་ཀྱི་དཔལ་འབྱོར་དེ་བས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2019ལོའི་ཟླ་6ཚེས་10ཉིན་ནས་བཟུང་། བོད་ཀྱི་ཁོངས་གཏོགས་སུ་ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲའི་ཆོག་འཐུས་མེད་པ་བཟོས་པར་གཤམ་གྱི་འགྱུར་ལྡོག་འགའ་ཡོང་རྒྱུ་ཡིན་པ་སྟེ། གཅིག་ནི་ཁེ་ལས་ཀྱིས་བོད་ཀྱི་དངུལ་ཁང་ཁག་ཏུ་སྤྱིར་བཏང་གི་བཅོལ་དངུལ་རྩིས་ཁྲ་དང་སྐབས་འཕྲལ་གྱི་བཅོལ་དངུལ་རྩིས་ཁྲ་འཛུགས་པ་དང་། དེར་འགྱུར་ལྡོག་གཏོང་བ། རྩིས་མེད་གཏོང་བ་བཅས་བྱེད་པར་ཞིབ་བཤེར་ཆོག་མཆན་ལམ་ལུགས་ནས་ཐོ་འགོད་སྙན་སེང་ལམ་ལུགས་ལ་བསྒྱུར་རྒྱུ་དང་།མི་དམངས་དངུལ་ཁང་གི་ས་གནས་ཁག་གི་ཡན་ལག་སྒྲིག་གཞིས་རྩིས་ཁྲ་འཛུགས་པའི་ཆོག་འཐུས་ལག་ཁྱེར་སྤྲོད་རྒྱུ་མིན་ལ་རྩིས་ཁྲ་འཛུགས་པའི་ཆོག་འཐུས་ལག་ཁྱེར་འདི་ཉིད་ཁེ་ལས་ཀྱིས་ལས་དོན་གཞན་དག་སྒྲུབ་པའི་ར་སྤྲོད་ཡིག་ཆ་དང་གཞི་འཛིན་སར་བརྩི་རྒྱུ་མིན་པ་རེད། གཉིས་ནི་ཁེ་ལས་ཀྱི་གཞི་རྩའི་བཅོལ་དངུལ་རྩིས་ཁྲའི་ཨང་རྟགས་དེ་སྔར་ཡོད་ཀྱི་གཞི་རྩའི་བཅོལ་དངུལ་རྩིས་ཁྲའི་ཞིབ་བཤེར་ཆོག་མཆན་ཨང་རྟགས་ལ་བརྩིས་ནས་སྤྱོད་རྒྱུ། གསུམ་ནི་ཁེ་ལས་ཀྱི་དངུལ་ཁང་རྩིས་ཁྲ་བཙུགས་པའི་ཉིན་མོ་ནས་བཟུང་དངུལ་གཏོང་སྤྲོད་ཀྱི་ལས་སྒོ་སྒྲུབ་ཆོག བཞི་ནི་ཆོག་འཐུས་མེད་པར་མ་བཟོས་གོང་ནས་ཁེ་ལས་ཀྱིས་བཙུགས་པའི་གཞི་རྩའི་བཅོལ་དངུལ་གྱི་རྩིས་ཁྲའི་ཆོག་འཐུས་ལག་ཁྱེར་བརླགས་པའམ་ཡང་ན་རལ་ཚེ་མི་དམངས་དངུལ་ཁང་གི་ས་གནས་ཁག་གི་ཡན་ལག་སྒྲིག་གཞིས་གསབ་སྤྲོད་བྱ་རྒྱུ་མིན་པས་ཁེ་ལས་ཀྱིས་གཞི་རྩའི་བཅོལ་དངུལ་གྱི་རྩིས་ཁྲ་འཛུགས་སའི་དངུལ་ཁང་ལ《གཞི་རྩའི་བཅོལ་དངུལ་གྱི་རྩིས་ཁྲའི་ཆ་འཕྲིན》པར་རྒྱག་རྒྱུའི་རེ་འདུན་ཞུ་ཆོག

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།