[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གིས་ཤིང་འབྲས་འབྲི་ཏ་ཐོན་ལས་འཕེལ་རྒྱས་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-16

    ཤིང་འབྲས་འབྲི་ཏ་ནི་སྣོད་བཅུད་དཔལ་འབྱོར་རྣམ་པའི་ས་ཆུ་སྲུང་འཛིན་གྱི་སྡོང་ཕྲན་ཤིང་རིགས་ཤིག་ཡིན་པ་དང་། དེའི་འཚོ་བཅུད་མིའི་ལུས་པོར་འཇུ་སླ་བ་དང་རྙིང་ཚབ་གསར་བརྗེས་ལེགས་སུ་གཏོང་བའི་ནུས་པ་ལྡན་ཡོད།

    ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱི་ཞིང་ལས་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་ཚད་ལྡན་ཅན་དང་། ཐོན་ལས་ཅན། ཁྱད་ལྡན་ཅན་སོགས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཐོན་ཡོད། 2015ལོར་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཞིང་འབྲོག་ཁོངས་གཏོགས་ཀྱི་མི་སྣ་སྒྲིག་འཛུགས་བྱས་ཏེ། མཚོ་སྔོན་ཞིང་ཆེན་སྟོང་སྐོར་དུ་ཤིང་འབྲས་འབྲི་ཏའི་ཐོན་ལས་ལ་རྟོག་ཞིབ་བྱེད་པར་ཁྲིད་ཅིང་། ཚང་མས་དོག་སྡེའི་ཕུ་ལ་ཤིང་འབྲས་འབྲི་ཏའི་འདེབས་འཛུགས་ལ་མཁོ་བའི་ཆ་རྐྱེན་ཁག་འཛོམས་ཡོད་པའི་ངོས་འཛིན་བྱས། 2016ལོར་དོག་སྡེའི་ཕུ་ལ་ཤིང་འབྲས་འབྲི་ཏའི་ཐོན་ལས་ཕན་འབྲས་ཐོན་པའི་ངང་བཏབ་པ་དང་འབྲེལ། བོད་ལྗོངས་ཤིང་འབྲས་འབྲི་ཏ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་ལྷ་ས་ཀྲུང་དབྱི་སྐྱེད་ཚལ་གླིང་སྔོ་འགྱུར་ཚད་ཡོད་ཀུང་སིས་མ་རྩ་བཏང་ནས་དོག་སྡེ་ཁྲོམ་གཞུང་གི་ཤིང་འབྲས་འབྲི་ཏའི་སྣོད་བཅུད་ཞིང་ལས་ཚན་རྩལ་གླིང་བསྐྲུན།

    “ཀུང་སིས་ཤིང་འབྲས་འབྲི་ཏ་དང་སྣོད་བཅུད་ཐོན་ལས་གཉེར་སྐྱོང་བྱེད་ཀྱི་ཡོད། མིག་སྔར། གཞི་ཁྱོན་ཅན་གྱི་ས་ཆ་བོགས་མར་བཏང་བ་བརྒྱུད། ཤིང་འབྲས་འབྲི་ཏ་འདེབས་འཛུགས་རྟེན་གཞི་མུའུ་1200དང་སྡོང་རྐང་ཁྲི་120ཡོད་ཅིང་། ཕྱོགས་བསྡུས་གསོན་ཚད་95%དང་འབྲས་བུ་འདོགས་ཚད་70%ཟིན་ཡོད”ཅེས་བོད་ལྗོངས་ཤིང་འབྲས་འབྲི་ཏ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲོའུ་ཡུས་པང་གིས་ངོ་སྤྲོད་བྱས། ཁོང་གིས“གོམ་སྟབས་རྗེས་མར་ང་ཚོས་དོག་སྡེ་ཁྲོམ་གཞུང་དང་མཉམ་ལས་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ། ད་ཡོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་ཐོག ཞིང་ལས་མཛེས་ལྗོངས་དང་ལྟ་སྐོར་ཡུལ་སྐོར། སྤྲོ་གསེང་རོལ་རྩེད། ཐོན་རྫས་ཞིབ་འཇུག་གསར་སྤེལ་བཅས་གཞི་གཅིག་ཅན་གྱི་ཤིང་འབྲས་འབྲི་ཏའི་ཚན་རྩལ་ཞིང་ལས་གླིང་གཏོད་པ་དང་འབྲེལ། སྣ་མང་ཅན་གྱི་ཐོན་ལས་འཁོར་སྦྲེལ་ཕྱོགས་སུ་འཕེལ་རྒྱས་བཏང་ནས་དོག་སྡེ་ཤང་གི་རྒྱུན་སྲིང་འཕེལ་རྒྱས་ལ་སྒུལ་ཤུགས་སྣོན་གྱི་ཡིན”ཞེས་བརྗོད།

    ཤིང་འབྲས་འབྲི་ཏའི་ཐོན་ལས་དོག་སྡེ་ཁྲོམ་གཞུང་དུ་ལག་ལེན་བསྟར་བ་དང་དུས་མཚུངས། ས་ཞིང་གཅིག་སྡུད་བོགས་གཏོང་དང་། ཐོན་ལས་གླིང་བོགས་གཏོང་གི་ཡོང་འབབ་བགོ་འགྲེམས། ཞིང་ལས་འདེབས་རྩལ་གསོ་སྦྱོང་སོགས་ཀྱི་རྗེས་མཐུད་ལས་དོན་རིམ་པས་སྤེལ་ཏེ། དོག་སྡེ་ཁྲོམ་གཞུང་གི་ཐོན་ལས་དབུལ་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་ཡོད། སྣེ་འདྲེན་ཁེ་ལས་གཞི་རྟེན་དུ་བྱེད་པ་དང་། དཔལ་འབྱོར་གྱི་ཕན་འབྲས་སྦྲེལ་ཐག་ཏུ་བྱེད་པ། ཁྱད་ལྡན་ཞིང་ལས་གཙོ་ཁྲིད་དུ་བྱེད་པ་བཅས་ཀྱིས་ཀུང་སི+རྟེན་གཞི+ཞིང་དུད་ཀྱི་བོགས་གཏོང་རྣམ་པར་བརྟེན་ནས་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་གོང་འཕེལ་བཏང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་བཏོད་ཡོད། དོག་སྡེ་ཁྲོམ་གཞུང་གིས་བློ་སྟོབས་ཆེན་པོས་ཚོད་ལྟ་དང་གསར་གཏོད་བྱས་པ་བརྒྱུད། ཁྲེང་ཀོན་ཆུས་ཀྱི་ཁྱབ་ཁོངས་ནས་ས་ཞིང་མུའུ་1200སྔོན་ལ་བོགས་མར་བླངས་པ་དང་མུའུ་རེར་ལོ་ལྟར་བོགས་གླ་སྒོར་2000སྤྲོད་ཅིང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་91གིས་ས་ཞིང་མུའུ་157.25བོགས་མར་བླངས་ཡོད།

    ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་བརྒྱུད། བོད་ལྗོངས་ཤིང་འབྲས་འབྲི་ཏ་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་དབུལ་སྐྱོར་ཐོན་ལས་གླིང་བོགས་མར་བླངས་པ་དང་། དེ་བཞིན་ཞིང་ནང་དུ་ལས་ཀ་བྱེད་མཁན་བསྡུ་བ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྣེ་ཁྲིད་ནུས་ལྡན་བྱས་ཡོད། དེ་དང་ཕྱོགས་མཚུངས། ལག་རྩལ་བ་མངགས་ནས་ཡུལ་དེའི་མང་ཚོགས་ལ་རིན་པ་མི་དགོས་པར་གསོ་སྦྱོང་བྱས་པས། ཁོ་ཚོས་འདེབས་འཛུགས་ལག་རྩལ་སྔར་བས་ཁོང་དུ་ཡག་པོ་ཆུད་ཡོད། མིག་སྔར་ལོ་ལྟར་ཐོན་ལས་གླིང་དུ་གླ་པར་འགྲོ་མཁན་དོག་སྡེ་ཁྲོམ་གཞུང་གི་མང་ཚོགས་མི་ཐེངས་400ནས་500བར་ཟིན་པ་དང་སྦྲགས། མི་གྲངས་200ལྷག་ཙམ་ཐོན་ལས་གླིང་དུ་ལས་ཞུགས་གཏན་འཇགས་ཐུབ་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།