[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བྱ་ཐབས་སྣ་མང་མཉམ་དུ་སྤྱད། དཀར་ཆུའི་ཐོན་ལས་ཁྱབ་གདལ་བཏང་།

    —— རང་ལྗོངས་ཀྱི་དཀར་ཆུའི་ཐོན་ལས་འཕེལ་རྒྱས་ཀྱི་བསྡུས་རིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-03

    གླེང་གཞི།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ནང་ས་གནས་དེ་གའི་དཀར་ཆུའི་ཐོན་ཟོག་རིམ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བཞིན་ཡོད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་སྔོན་ཆད་ཀྱི་གཞི་ཁྱོན་ཆུང་བའི་བཟོ་ཁང་རྣམ་པའི་ལས་སྣོན་གྱི་དཀར་ཆུའི་ཐོན་ཟོག་རིམ་བཞིན་གཞི་ཁྱོན་ཅན་དང་། ཚད་ལྡན་ཅན། དེང་རབས་ཅན་བཅས་ཀྱི་ཐོན་སྐྱེད་ཁ་ཕྱོགས་སུ་འགྱུར་བ་དང་དཀར་ཆུའི་ཐོན་ཟོག་ཁག་གཅིག་གིས་རང་ཉིད་ཀྱི་སྤུས་རྟགས་བཏོད་པ་དང་དུས་མཚུངས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    653312_yis_1565929373617.jpg

    འདི་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱི་ཚད་གཞི་མཐོ་བའི་དེང་རབས་ཅན་གྱི་བཞོན་མ་གསོ་སྤེལ་ལྟེ་གནས་ཀྱི་ཟུར་ཞིག་ཡིན་པ།

    འོ་མ་དང་། ཞོ། བྱིས་པའི་འོ་རྩམ་སོགས་ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཏུ་ས་གནས་དེ་གའི་དཀར་ཆུའི་ཐོན་ཟོག་རིམ་བཞིན་ཕུན་སུམ་ཚོགས་སུ་ཕྱིན་ཏེ་དཀར་ཆུའི་ཐོན་ཟོག་ཁག་གཅིག་ལ་རང་ཉིད་ཀྱི་སྤུས་རྟགས་ཡོད་པས་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    འབྲོག་ལས་ཐོན་ལས་ཀྱིས་དཀར་ཆུའི་ཐོན་ཟོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་ལོ་ཕུ་གྲོང་ཚོའི་བོད་ལྗོངས་ཐེ་ཁྲེང་དཀར་ཆུའི་ལས་རིགས་ཚད་ཡོད་ཀུང་སི་ནི་སྟག་རྩེ་ཆུས་ཐོན་ལས་དབུལ་སྐྱོར་གྱི་གཙོ་གནད་ཁེ་ལས་ཤིག་དང་དེང་རབས་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན། ཁོར་ཡུག་སྲུང་སྐྱོང་རྣམ་པ། ཞིང་འབྲོག་པ་དབུལ་པོའི་གསོ་སྤེལ་ལག་རྩལ་གསོ་སྦྱོང་བཅས་གཞི་གཅིག་ཅན་དུ་བསྡུས་པའི་ཕྱོགས་བསྡུས་རང་བཞིན་གྱི་གསོ་སྤེལ་ཁེ་ལས་ཞིག་ཡིན་ཞིང་། ལོ་གཉིས་ལྷག་ཙམ་གྱི་འཕེལ་རྒྱས་བརྒྱུད། ཀུང་སི་དེའི་གསོ་སྤེལ་རྒྱ་ཁྱོན་མུའུ་300ཙམ་བར་རྒྱ་ཆེར་ཕྱིན་པ་དང་། འབྲི་གཡག་གསོ་སྤེལ་ར་བར་འབྲི་གཡག་6000རྒྱགས་གསོ་དང་གསོ་སྤེལ་བྱེད་པའི་གཞི་ཁྱོན་ལྡན་པས་ཟླ་བ་རེར་འབྲི་གཡག་1500བཤས་བཏང་བ་དང་ལོར་འབྲི་གཡག་10000བཤས་གཏོང་བའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    ཀུང་སི་དེའི་འགན་ཁུར་བ་མ་ཀུའེ་ཡིས་ངོ་སྤྲོད་བྱས་དོན། མིག་སྔར་གཞོན་མ་350དང་འབྲི་གཡག་2562ཡོད། 2018ལོར། འབྲི་གཡག(རྒྱགས་གསོ)4021བཤས་བཏང་ནས་ལྷ་སའི་ཁྲོམ་རར་ཚགས་ཤ་སོས་པ་ཏུན་900ལྷག་ཙམ་དང་འོ་མ་སོས་པ་ཏུན་900ལྷག་ཙམ་མཁོ་འདོན་བྱས་པར་ལོའི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཙམ་ཟིན་ནས་ཁེ་སྤོགས་ཁྲི་400ཙམ་བྱུང་བ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཀུང་སི་དེས་སྟག་རྩེ་ཆུས་ཐང་དཀར་ཤང་ལོ་ཕུ་གྲོང་ཚོའི་དུད་ཚང་89ཡི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་348གནད་སྨིན་དབུལ་སྐྱོར་བྱ་ཡུལ་ནང་བཅུག་པ་དང་། མི་རེར་ཆ་སྙོམས་ལོ་རེར་ཐོན་ལས་ཁེ་སྤོགས་སྒོར་3000བགོ་རྒྱུ་ཡོད་པ་དང་2018ལོའི་ལོ་མཇུག་བར་རིམ་རྩིས་ལྟར་ན་དབུལ་སྐྱོར་མ་དངུལ་སྒོར་ཁྲི་1100ལྷག་ཙམ་བཏང་བས་སྟག་རྩེ་ཆུས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད་པ་རེད།

    དཀར་ཆུའི་ཐོན་ཟོག་གི་སྤུས་ཚད་དང་ཚད་གཞི་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ།

    “ལོ་ལྔ་ཚན་བཅུ་གསུམ་པའི”དུས་འགོར། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས《བོད་ལྗོངས་ས་མཐོའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་རྟེན་གཞི་འཕེལ་རྒྱས་འཆར་འགོད》བཟོས་ནས་བཏོན་ཞིང་། 《འཆར་འགོད》ནང་ནས་དང་། འབྲི་གཡག བོད་ལུག སྔོ་ཚལ། བཞོན་མ། ནགས་ཁྲོད་ཤིང་འབྲས་སོགས་ཀྱི་ཐོན་ལས་ལ་གཞི་ཚུགས་ཏེ་རང་ལྗོངས་ཀྱི་ཁྱད་ལྡན་ཞིང་ཕྱུགས་ཐོན་ཟོག་འཕེལ་རྒྱས་བཏང་ཡོད་ཅེས་བསྟན་པ་རེད། རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་འབྲེལ་ཡོད་འགན་ཁུར་བས“2017ལོར་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ནས་དང་། འབྲི་གཡག དཀར་ཆུ། བོད་ཕག བོད་ལུག སྔོ་ཚལ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་བདུན་གཙོ་གནད་དུ་འཕེལ་རྒྱས་བཏང་བ་དང་། མིག་སྔར་རང་ལྗོངས་ཀྱི་ཐོན་ལས་ཆེན་པོ་བདུན་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ཞིང་2018ལོར་ལྗོངས་ཡོངས་ཀྱི་ཤ་རིགས་དང་དཀར་ཆུའི་ཐོན་འབབ་ཏུན་ཁྲི་84.01ཟིན་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།

    འགན་ཁུར་བ་དེས་རང་ལྗོངས་ཀྱི་དཀར་ཆུའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་དོན་ལ་རིམ་བཞིན་སྐུལ་འདེད་གཏོང་རིང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་སྟོན་ཕྱོགས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཐོན་ལས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་དང་དཀར་ཆུའི་ལས་ཀ་བྱེད་མཁན་ཞིང་པའི་ཡོང་འབབ་མཐོ་རུ་གཏོང་རྒྱུ་དམིགས་ཚད་གཙོ་བོར་བྱས་ནས་ལྗོངས་ཡོངས་ཀྱི་དཀར་ཆུའི་ལས་རིགས་དེ་གཞི་ཁྱོན་ཅན་དང་། ཚད་གཞི་ཅན། ཆེད་ལས་ཅན། ཐོན་ལས་ཅན་བཅས་ཀྱི་ཁ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག རིམ་བཞིན་སྲོལ་རྒྱུན་གྱི་དཀར་ཆུའི་ལས་རིགས་ནས་དེང་དུས་ཀྱི་དཀར་ཆུའི་ལས་རིགས་བར་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་ཅེས་བཤད་པ་རེད།

    སྤུས་རྟགས་དྲིལ་བསྒྲགས་བྱས་ཏེ་དཀར་ཆུའི་ཐོན་ཟོག་ཕྱིར་ཚོང་ཐུབ་པ་བྱེད་པ།

    ཉེ་ཆར། གསར་འགོད་པ་ས་མཐོའི་གཅེས་ནོར་འབྲིའི་འོ་མའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སིར(གཤམ་ལ་ས་མཐོའི་གཅེས་ནོར་ཞེས་བསྡུ་རྒྱུ)ཡོང་བ་དང་། ཀུང་སི་དེའི་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ལྷ་སའི་རྟེན་གཞིའི་ཏུང་ཧྲི་ཀྲང་མའོ་ཕུའུ་ཐའོ་ཡིས་ཀུང་སི་བཙུགས་ཚུན། སྤུས་རྟགས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་རྟགས་ཀྱི་འཐབ་ཇུས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། སྤུས་རྟགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤུས་རྟགས་དྲིལ་བསྒྲགས་བྱེད་པ། རོགས་སྐྱོར་དང་སྐྱེད་སྲིང་ལ་མཐོང་ཆེན་བྱས་ཡོད། ས་མཐོའི་གཅེས་ནོར་གྱིས་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ལེན་ཞུས་ཏེ་སྔ་རྗེས་སུ་གདན་ཞུས་ལྟར་ཤང་ཀང་གི་ཞིམ་ཟས་འགྲེམས་སྟོན་དང་དབྱིན་ཇིའི་ཅན་ཆའོ་སློབ་ཆེན་གྱིས་གཉེར་བའི“རྒྱུད་གཅིག་ལམ་གཅིག”གི་སི་ཁྲོན་ཚོང་པའི་རྟོག་ཞིབ་བྱེད་སྒོར་ཞུགས་པ་དང་། ཀྲུང་གོའི་དཀར་ཆུའི་ལས་རིགས་གཅིག་པུའི་ངོས་ནས་ཨིར་ལན་བྱང་མར་གཉེར་བའི“འཛམ་གླིང་གི་དཀར་ཆུའི་ལས་རིགས་ཀྱི་དབུ་ཚོགས”དང་། ཀ་ཏ་མན་རྡུར་གཉེར་བའི“ཀྲུང་ནེའི་དངོས་མང་སྟོན་ཚོགས”དང“ཨེ་ཤེ་ཡའི་རྒྱུན་སྲིང་འཕེལ་རྒྱས་ཀྱི་གླེང་སྟེགས”ནང་ཞུགས་པ་དང་འབྲེལ། ནེ་པ་ལའི་ཙུང་ཐུང་གི་ལྟ་སྐོར་དང་རྟོག་ཞིབ་དང་ལེན་བྱས་པ་རེད། བྱ་ཐབས་རྣམ་པ་སྣ་ཚོགས་བརྒྱུད། རྒྱལ་ནང་དང་རྒྱལ་སྤྱིའི་འགྲེམས་ཚོགས་ཐོག་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་པར་རྒྱལ་ནང་དང་རྒྱལ་སྤྱིའི་ལས་རིགས་གཅིག་པ་དང་དེ་བཞིན་འཛད་སྤྱོད་པའི་ཁས་ལེན་ཆེན་པོ་ཐོབ་ཡོད།

    653311_yis_1565929373327.jpg

    འདི་ནི་ནག་ཆུའི་དེང་དུས་རྩྭ་ཐང་འབྲོག་ལས་དཔེ་སྟོན་རྟེན་གཞིའི་ལས་དོན་མི་སྣས་འབྲི་གཡག་ལ་གཟན་རྩྭ་སྟེར་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།