[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་དུས་བབ་ལེགས་པ།

    ཟླ་བ་དང་པོ་ནས་བདུན་པ་བར་ལས་ཞུགས་གཞན་སྒྱུར་གྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ལྔ་སྟོང་ལྷག་ཙམ་འཕར་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-09-05

     གསར་འགོད་པས་རང་སྐྱོང་ལྗོངས་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། འདི་ལོ་རང་ལྗོངས་ཀྱི་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ཐད་དུས་བབ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བདུན་པ་བར་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་ཁྲི་40.1དང་མི་ཐེངས་ཁྲི་66.2ལས་ཞུགས་གཞན་སྒྱུར་ཐུབ་པ་དེ་དུས་མཚུངས་ལས་ཁག་སོ་སོར་8.5%དང་7.6%འཕར་བ་དང་། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་20.4ཟིན་ནས་དུས་མཚུངས་ལས་28.8%འཕར་བ། ལས་ཞུགས་གཞན་སྒྱུར་གྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5098འཕར་ཞིང་། འབབ་འཕར་གྱི་གྲུབ་ཆ་ནས་བལྟས་ན། གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཀྱིས་བཟུང་བའི་བསྡུར་ཚད་35.4%ཟིན་པ་དེ་དུས་མཚུངས་ལས་47.2%འཕར་ཡོད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དུས་མཚུངས་ལས་12.5%འཕར་ནས་འཕར་བའི་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་པ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5.9ཡིས་མཐོ་བ་ཡོད་པ་རེད།

    མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་དང་། ཞིང་འབྲོག་པའི་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་བྱ་སྤྱོད་ཇུས་གཞི། ལས་རིགས་རྩལ་ནུས་མཐོར་གཏོང་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་སོགས་སྲིད་ཇུས་བྱེད་ཐབས་བཟོས་ནས་བཏོན་པ་དང་འབྲེལ་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་ཐད་ཕྱོགས་བསྡུས་ལས་ཞུགས་སྲིད་ཇུས་དང་། ལས་ཞུགས་ཁྲོམ་ར་ཅན་གྱི་ཁ་ཕྱོགས་སུ་འཕེལ་རྒྱས། ལས་ཞུགས་རྩལ་ནུས་གསོ་སྦྱོང་བཅས་ཀྱི་ཐད་སྒྱུར་བཅོས་ཚད་བརྒལ་བྱུང་ཡོད། འདི་ལོ་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་ངལ་ནུས་བར་ཁེ་བ་1500ཙམ་གསོ་སྦྱོང་བྱས་པ་དང་། ངལ་ནུས་མཉམ་འབྲེལ་རུ་ཁག་1100ལྷག་ཙམ་བཙུགས་པ། ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱས་པའི་མི་གྲངས་ཀྱིས་བཟུང་བའི་བསྡུར་ཚད་11%ཡན་ཟིན་ཏེ་ཞིང་འབྲོག་པའི་རྩ་འཛུགས་ཅན་དང་གཞི་ཁྱོན་ཅན་གྱི་ལས་ཞུགས་གཞན་སྒྱུར་ལ་ཚད་བརྒལ་གལ་ཆེན་བྱུང་ཡོད།

    འདི་ལོ་གྲོང་ཁྱེར་དང་ས་གནས་ཁག་གིས“མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ་རྣམ་པའི”གསོ་སྦྱོང་གིས་གསོ་སྦྱོང་མི་གྲངས་ཀྱི་36%ཟིན་ཡོད། རང་སྐྱོང་ལྗོངས་རིམ་པས་བོད་ལྗོངས་ལག་རྩལ་དགེ་འོས་སློབ་གླིང་ལ་བརྟེན་ནས“མངགས་ཐོ་དང་ཁ་ཕྱོགས་གཏན་འཁེལ་རྣམ་པའི”གསོ་སྦྱོང་ལས་དོན་སྤེལ་བ་དང་མིག་སྔར་གསོ་སྦྱོང་བྱས་རྗེས་སློབ་མ་650ལས་ཞུགས་ཐུབ་པ་དང་། གསོ་སྦྱོང་དང་ལེན་བྱེད་བཞིན་པའི་སློབ་མ་150ཚང་མས་མངགས་ཐོའི་གསོ་སྦྱོང་གྲོས་མཐུན་བཞག་ཟིན་ལ། གསོ་སྦྱོང་ཚད་ལོན་རྗེས་ཚང་མར་ལས་ཀ་སྤྲོད་རྒྱུ་ཡིན་པ་རེད།

    ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་མིང་ངོ་མ་འགོད་པའི་ལམ་ལུགས་མ་ལག་དངོས་སུ་སྤྱོད་འགོ་ཚུགས་ཏེ་གྲོང་ཁྱེར་དང་ས་གནས་ཁག་གིས་ལས་ཞུགས་གཞན་སྒྱུར་གྱི་ཆ་འཕྲིན་ཁྲི་32.8བཀོད་པ་དང་། ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ཚན་པ་དང་། ལས་སྒོའི་ཡོང་འབབ། ལས་ཞུགས་ཀྱི་དུས་ཚོད་སོགས་ཀྱི་ཆ་འཕྲིན་འཚོལ་ཐུབ་ཀྱི་ཡོད།

    ཞིང་འབྲོག་པའི་གསོ་སྦྱོང་ཁ་གསབ་ཀྱི་མ་དངུལ་ཐད་འདི་ལོ་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་གསོ་སྦྱོང་ཁ་གསབ་མ་དངུལ་སྒོར་ཁྲི་9000ཚང་མ་བཀོད་སྒྲིག་ཟིན་པ་དང་དེའི་ཁྲོད་ནས་སྒོར་ཁྲི་7000དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྤྱད་དེ་མི་འབོར་དབུལ་པོ་མི་ཁྲི་1.2ལ་གསོ་སྦྱོང་བྱས་པ་དང་། མི་འབོར་དབུལ་པོ་མི་ཁྲི་2.82ལས་ཞུགས་གཞན་སྒྱུར་ཐུབ་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་2.3བྱུང་ཡོད། སྒོར་ཁྲི་2000གནས་སྤོས་ཞིང་འབྲོག་མང་ཚོགས་ཀྱི་གསོ་སྦྱོང་ལས་དོན་ལ་སྤྱད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།