[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • སྙེ་མོ་རྫོང་ཐོན་པ་གྲོང་རྡལ་གྱིས་སྤོས་ཀྱི་ཐོན་ལས་རྒྱུན་འཛིན་དང་འཕེལ་རྒྱས་བཏང་ནས་མི་ཆོས་རིག་གནས་ཡུལ་སྐོར་གྱི་ལམ་བུ་བཏོད་པ།

    “སྤོས་ཀྱི་ཕ་ཡུལ”གྱི་ཕྱུག་འགྱུར་ཐབས་ལམ་གསར་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-02

    665568_yis_1569566576042.jpg

    ཆུ་འཁོར་ལ་བརྟེན་ནས་ཤུག་པ་འཐག་བཞིན་པ། 

    སྤོས་ཀྱི་བཟོ་རྩལ་རྒྱུན་འཛིན་ལེགས་པོ་བྱས་པ།

    རྒྱལ་ལམ་318ནས་ནུབ་ཕྱོགས་སུ་སྐྱོད་སྐབས། ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་བྱང་ངོགས་སུ་དབེན་པའི་སྐྱེད་ཚལ་ལྟར་དུ་སྣང་བའི་གྲོང་རྡལ་ཆུང་ངུ་ཞིག་མིག་ལམ་དུ་འཆར་འོང་། ཉེ་ཆར། “ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་བོད་ལྗོངས་ལ་ལྟ”ཞེས་པའི་སྨྱན་སྦྱོར་གསར་པའི་བཅར་འདྲི་ཚོགས་ཆུང་གིས་རླངས་འཁོར་དུ་བསྡད་དེ“བོད་ཡིག་སྲོལ་གཏོད་པ་འཁྲུངས་ཡུལ་དང་སྤོས་ཀྱི་འབྱུང་ཁུངས”སུ་གྲགས་པའི་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་འཚམས་འདྲི་བྱེད་པར་བསྐྱོད།

    ཐོན་མདའ་གྲོང་ཚོར་འབྱོར་མ་ཐག གྲལ་སྟར་སྒྲིག་པའི་ཁང་པ་ནམ་མཁའི་སྐར་ཚོགས་ལྟར་བཀྲམ་པ་བཞིན་ལུང་གཞུང་དུ་ཆགས་པ་དང་། རྒྱང་རིང་གི་གངས་རི་ནས་འབབ་པའི་ཆུ་ཕྲན་དག་གྲོང་ཚོའི་གསེབ་ནས་ལྷུང་ལྷུང་དུ་བཞུར། ཆུ་ཕྲན་སྟེང་དུ་ཆེ་ཆུང་མི་འདྲ་བའི་སྤོས་བཟོའི་ཆུ་འཁོར་མང་པོ་འདུག་ལ། ཆུ་འཁོར་དེ་དག་ཆུ་ཤུགས་ལ་བརྟེན་ནས་སྤོས་བཟོའི་རྒྱུ་ཆ་འཐག་སྒང་རེད་འདུག

    ལོ་72ལ་སླེབས་པའི་བསོད་ནམས་ནོར་བུས་སྤོས་བཟོའི་རྒྱུ་ཆ་གྲིབ་སྐམ་གཏོང་བཞིན་འདུག་ལ། སྒྱུར་བཅོས་སྒོ་དབྱེ་མ་བྱས་གོང་། ཁོང་ནི་ཐོན་མདའ་གྲོང་ཚོའི་སློབ་ཆུང་གི་བོད་ཡིག་ཚབ་ཁྲིད་དགེ་རྒན་ཡིན་པ་དང་། 1994ལོ་ནས་བཟུང་། བསོད་ནམས་ནོར་བུས་ཁྱིམ་དུ་ལོག་ནས་སྤོས་ཀྱི་བཟོ་རྩལ་སྦྱངས། ཁོང་གིས“ད་ཆ་སྤོས་བཟོ་བའི་རྒྱུ་ཆ་ཉོ་བ་ཕུད། རང་ཉིད་ལ་ཟླ་རེར་ཁེ་གཙང་ཡོང་འབབ་སྒོར་5000ལྷག་ཙམ་འདུག”ཅེས་བཤད།

    བཅར་འདྲི་བྱེད་རིང་། གསར་འགོད་པས་སྤོས་བཟོ་བའི་ཐོག་མའི་བརྒྱུད་རིམ་མཐོང་བྱུང་། སྤོས་བཟོ་མཁན་གྱིས་སྔོན་ལ་ཤུག་པ་སྐམ་པོའི་ཤུན་སྤགས་དུམ་བུར་བཅད་དེ་ཆུ་འཐག་ནང་འཐག་པ་དང་། དེའི་རིང་བཏགས་ཟིན་པའི་ཤིང་སོབ་རླུང་གིས་མི་འཁྱེར་བའི་ཆེད་ཆུ་ཡང་སེ་རྒྱག་གི་འདུག

    སྐུ་ཞབས་ཡན་ལགས་ལེ་དབར་སྟོང་ཕྲག་གིས་ཆོད་པའི་ཕ་ཡུལ་སི་ཁྲོན་ནས་འདི་གར་སྤོས་ཉོ་བར་སླེབས་འདུག ཁོང་གིས“སྙེ་མོའི་སྤོས་ལ་སྲོལ་རྒྱུན་སྤོས་བཟོའི་ལག་རྩལ་གྱི་རྒྱུན་བསྐྱངས་ཡོད་པ་མ་ཟད། སྤོས་བཟོ་བའི་བརྒྱུད་རིམ་ནང་སེམས་ཅན་ལ་མི་གནོད་པ་དང་། མ་བཅོས་རྒྱུ་ཆ་ཁྱད་དུ་འཕགས་ལ། སྤོས་ལ་དྲི་ངན་སེལ་བ་དང་ཆམ་ནད་འགོག་པ་སོགས་ཀྱི་ནུས་པ་དུ་མ་ལྡན་ཡོད”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། སྤོས་ཀྱི་ཐོག་མའི་རྒྱུ་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་ཅིང་། ཤུག་པ་རྒྱུ་ཆ་གཙོ་བོར་བྱས་པའི་ཐོག་ཁ་ཆེ་ཤ་སྐམ་དང་། གླ་རྩི། ཙན་དན་དཀར་དམར་སོགས་དྲི་ཞིམ་སྨན་སྣ་རིགས་28ཙམ་ཡོད་པ་དང་། དེ་དག་ཚད་གཞི་ལྟར་བླུགས་ནས་ཆུ་འཐག་གིས་བཟོ་ཡི་ཡོད།

    ལག་ཤེས་ཁོ་ནར་བརྟེན་ནས་སྤོས་བཟོ་བ་ཕུད། མི་རབས་ནས་མི་རབས་བར་ལག་རྩལ་རྒྱུན་མཐུད་པ་དེ་ཡང་བྱེད་ཐབས་གལ་ཆེན་ཞིག་རེད། མ་གཞི་སྤོས་བཟོས་ནས་ལོ་དྲུག་ཙམ་ལས་སོང་མེད་རུང་། བསོད་ནམས་ནོར་བུས་བུ་ཉི་མ་བཀྲ་ཤིས་ལ་སྤོས་བཟོ་རྩལ་བསླབས། བུས་ལོ་12ནས་བཟུང་སྤོས་བཟོའི་ལག་རྩལ་སྦྱངས་པ་མ་ཟད། ད་དུང་ད་ཆ་སྤོས་དྲ་ཐོག་ནས་ལྗོངས་ཕྱི་ནང་དུ་འཚོང་གི་ཡོད་པ་རེད།

    སྤོས་ཀྱི་ཐོན་ལས་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བ།

    “ཐོན་པ་གྲོང་རྡལ་གྱི་དུད་ཚང་ཚང་མས་སྤོས་བཟོ་ཡི་ཡོད་རུང་སྤོས་ཀྱི་བཟོ་རྩལ་འདྲ་གི་མེད། སྔོན་ཆད་འགྲན་རྩོད་ངན་པའང་ཐོན་ཡོད”ཅེས་སྙེ་མོ་རྫོང་གི་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཝུན་པོ་ཡིས་ངོ་སྤྲོད་བྱས། ཁོང་གིས་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱེད་པ་དང་། ཐོན་ལས་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བ། མི་སེར་ལ་ཕྱུག་འགྱུར་འབབ་འཕར་ཡོང་བ་བཅས་བྱ་ཆེད། མང་ཚོགས་མང་པོ་ཐོན་ལས་དབུལ་སྒྲོལ་གྱི་ལམ་བུར་བསྐྱོད་པ་མ་ཟད། ཐོན་པ་གྲོང་རྡལ་གྱིས་2016ལོར་སྤོས་བཟོ་ཚོང་དང་བཟོ་རྩལ་འགྲེམས་སྟོན་སོགས་གཞི་གཅིག་ཏུ་འདུས་པའི་ཁེ་ལས་ཏེ། སྙེ་མོ་ཐོན་པའི་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སི་བཙུགས་པ་རེད་ཅེས་བཤད།

    སྤོས་བཟོས་ནས་ལོ་30ལྷག་ཙམ་ཕྱིན་པའི་དངོས་སྒྲུབ་ཀྱིས།“ངས་ཆུང་དུས་ནས་ཕ་མེས་ས་ནས་སྤོས་ཀྱི་བཟོ་རྩལ་སྦྱངས་བ་ཡིན། སྔོན་ཆད་ཡིན་ན་ཁྱིམ་གྱི་བཟོ་ཁང་དུ་སྤོས་བཟོས་ནས་འཚོང་སྐབས་ཚོང་ལམ་ཡངས་པོ་མེད་པས་ཡོང་འབབ་ཀྱང་ཡག་པོ་རག་གི་མི་འདུག”ཅེས་བཤད་པ་དང་། ཁོང་གིས“གྲོང་ཚོའི་ནང་སྙེ་མོ་ཐོན་པའི་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སི་བཙུགས་རྗེས་ང་དང་ཡུལ་མི་ཚོ་དེའི་ནང་ཞུགས་པ་ཡིན། ད་ཆ་ང་ཚོ་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་མ་ཟད། ཡོང་འབབ་ཀྱང་བརྟན་པོ་ཡོད་པས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་སོང་། དེས་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་བཟང་བས། རང་ཁ་རང་གསོའི་བློ་སྟོབས་དང་དཀའ་སྤྱད་ལག་ཟུང་ལ་བརྟེན་ནས་སྤོས་ཀྱི་ཐོན་ལས་གཉེར་སྐྱོང་ཡག་པོ་བྱས་ན། འཚོ་བ་ཇེ་ཡག་ནས་ཇེ་ཡག་ཏུ་འགྲོ་ངེས”ཞེས་བཤད།

    ཝུན་པོ་ཡིས་སྙེ་མོ་ཐོན་པའི་སྤོས་ས་གཙང་ཐོན་ལས་ཚད་ཡོད་ཀུང་སིས་མིག་སྔར་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་30ཡི་ལས་མི་བསྡུས་པ་དང་། གཉེར་སྐྱོང་བྱེད་རིང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས། “ཏང་ཀྲི་པུའུ་དང་། ཀུང་སི། མཉམ་ལས་ཁང་། ཞིང་དུད”བཅས་མཉམ་འབྲེལ་གྱི་འཕེལ་རྒྱས་གཏོང་སྟངས་བརྒྱུད་ནས་མ་རྐང་ལམ་ལུགས་ཀྱི་རང་བརྟེན་གཉེར་སྐྱོང་བྱས་པ་མ་ཟད། “ལམ་སྲོལ་ཆེན་པོ་བཞི”བཙུགས་ནས་མང་ཚོགས་སྤོས་ཐོན་སྐྱེད་ནང་ཞུགས་རྒྱུར་ཁྲིད་སྟོན་དང་ལྕག་སྐུལ་ཧུར་ཐག་བྱས་ཏེ། འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱས་པ་རེད། ཀུང་སིའི་ཁེ་བཟང་བགོ་བཤའ་རྒྱག་པའི་ཐད། 2018ལོར་ཀུང་སི་དེས་མི་རེར་ཆ་སྙོམས་སྒོར་ཁྲི་1.8བགོས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཐོན་པ་གྲོང་རྡལ་དུ་སྤོས་མཉམ་ལས་ཁང་བཞི་ཡོད་པ་རེད།

    བོད་ཀྱི་ཡུལ་སྐོར་རིག་གནས་ཐོན་ལས་ཟམ་མི་ཆད་པར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། སྙེ་མོའི་སྤོས་ལ་དུང་ཞེན་ཆེ་བའི་ལས་གཏོད་པ་མང་པོས་སྙེ་མོའི་སྤོས་ལས་གཏོད་ཀྱི་ཐོག་མར་གྱུར་ཡོད། ས་གནས་དེ་གའི་ཞིང་འབྲོག་པའི་མཉམ་ལས་ཁང་གིས་ཀྱང་རིག་གནས་གསར་གཏོད་ཐོན་རྫས་དང་ཉམས་ལེན་ཁྲོམ་རར་དམིགས་ཏེ། སྤོས་ཀྱི་རིག་གནས་བརྒྱུད་སྤེལ་བྱེད་སྟངས་གསར་པར་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོ་ཤེས་རྟོགས་ཐུབ་པ་བྱེད་བཞིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་པ་ཤང་གི་སྤོས་བཟོ་རྩལ་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གྲས་སུ་བཅུག་པ་དང་། ཐོན་པའི་སྤོས་2013ལོར་རྒྱལ་ཁབ་ཀྱི་ས་ཁམས་སྲུང་སྐྱོང་གི་མཚོན་རྟགས་ཐོན་རྫས་སུ་རེ་ཞུ་ཐུབ་པ་རེད།

    མི་ཆོས་རིག་གནས་ཡུལ་སྐོར་དར་ཞིང་རྒྱས་པ།

    སྙེ་མོའི་ཐོན་པ་མཛེས་ལྗོངས་ཁུལ་གནས་ས་ནི། བོད་ཡིག་གི་སྲོལ་གཏོད་མཁན་ཐོན་མི་སམ་བྷོ་ཊའི་འཁྲུངས་ཡུལ་ཡིན་ཞིང་། མཛེས་ལྗོངས་ཁུལ་དུ་ད་བར་ཐོན་མི་སམ་བྷོ་ཊའི་བཞུགས་གནས་དང་། ལྷ་ཁང་། ཐོན་པ་གཞིས་ཀ་སོགས་གནའ་བོའི་སྐྲུན་དངོས་ཆ་ཚང་བ་ཉར་ཚགས་བྱས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཐོན་མདའ་གྲོང་ཚོའི་འཆར་འགོད་ཚང་མ“བོད་ཡིག་སྲོལ་གཏོད་མཁན་གྱི་འཁྲུངས་ཡུལ་དང་། སྤོས་ཀྱི་ཕ་ཡུལ། བདེ་སྐྱིད་ཞི་མཐུན་གྱི་གྲོང་ཚོ”བཅས་གཞི་རྟེན་དུ་བྱས་པ་དང་། ཐོན་མི་སམ་བྷོ་ཊས་མཚོན་པའི་བོད་ཡིག་དང་བོད་ཀྱི་ཁྱད་ལྡན་རིག་གནས་ལ་དམིགས་ཏེ། ཆུ་འཐག་སྤོས་བཟོའི་ལག་ཤེས་མཚོན་བྱེད་དུ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཞིང་ལས་ཐོན་སྐྱེད་དང་གྲོང་གསེབ་ཀྱི་འཚོ་བ་དང་། ལོ་རྒྱུས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ། བཟོ་རྩལ་རྒྱུན་འཛིན་དང་དཔལ་འབྱོར་གོང་འཕེལ་བཅས་མཉམ་འདྲེས་གང་ལེགས་བྱས་ཡོད་པ་རེད།

    ཐོན་པའི་ད་ཡོད་ཀྱི་ཐོན་ཁུངས་གཙོ་བོར་དམ་འཛིན་གང་ལེགས་བྱས་ཏེ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཟུང་འབྲེལ་གཏིང་ཟབ་བྱས་ཤིང་། ཝུན་པོ་ཡིས་གསར་འགོད་པར་ངོ་སྤྲོད་བྱས་དོན། གཅིག་ནས་བོད་ཡིག་དང་སྤོས་ཀྱི་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ནས། བོད་ཡིག་དང་སྤོས་ཀྱིས་བོད་ཀྱི་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན་གལ་ཆེན་དྲིལ་བསྒྲགས་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཆུ་འཐག་སྤོས་བཟོའི་ལག་ཤེས་མཚོན་བྱེད་དུ་བྱས་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལ་བརྟེན་ནས་སྤོས་དང་། བོད་ཤོག ཤིང་བརྐོས་སོགས་མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་རྣམས་ཐོན་པའི་མཛེས་ལྗོངས་ཁུལ་དུ་འགྲེམས་སྟོན་བྱས་ཏེ། སྙེ་མོ་ཁོ་ནར་གཏོགས་པའི་རིག་གནས་ཁྱམས་རིང་ཞིག་ཧུར་ཐག་སྐྲུན་བཞིན་ཡོད་པ་རེད།

    མིག་སྔར་ཐོན་མདའ་གྲོང་ཚོ་འདི་ཉིད་རང་སྐྱོང་ལྗོངས་ཀྱི“ལྷ་ས་ནས་གཞིས་རྩེ”བར་གྱི་ཡུལ་སྐོར་ལམ་ཐིག་རྩེ་གྲ་དང་ལྷ་སའི“སྐོར་གཅིག་ལམ་གཅིག”གི་ཡུལ་སྐོར་ལམ་ཐིག་རྩེ་གྲའི་གྲས་ཀྱིས་མཛེས་ལྗོངས་ས་ཚིགས་གལ་ཆེན་དུ་གྱུར་པ་མ་ཟད། ལྷ་སའི་སྔོན་ཐོན་འཕེལ་རྒྱས་ཡུལ་སྐོར་ཁུལ་ཆེན་པོ་བདུན་གྱི་གྲས་སུ་ཚུད་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ཁུལ་ཞིག་ཀྱང་རེད། ད་ཆ་གྲོང་ཚོ་ཡོངས་ཀྱི་ཡུལ་མིའི་སྡོད་ཁང་གི་ཕྱིའི་བཀོད་པ་ཚང་མ་སྒྱུར་བཀོད་བྱས་ཟིན་པ་དང་། མཛེས་ལྗོངས་ཁུལ་གྱི་ནུས་པ་ལེགས་སུ་གཏོང་བཞིན་ཡོད་ལ། ལྷ་གཞིས་ལྕགས་ལམ་ཡང་ཐོན་མདའ་གྲོང་ཚོའི་ལྷོ་རྒྱུད་ནས་བརྒྱུད་ཅིང་། སྙེ་མོ་རྫོང་གི་མེ་འཁོར་འབབ་ཚུགས་གཅིག་པུ་དེ་ཡང་ཐོན་མདའ་གྲོང་ཚོའི་མངའ་ཁོངས་སུ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།