[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷ་ས་དང་། ལྷོ་ཁ། ནག་ཆུ་བཅས་ཀྱིས་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་བཏང་བས་འབྲོག་ཟོག་སྤུས་དག་ལྗོངས་ཕྱི་ནང་དུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    ཉེ་བའི་ལོ་ཤས་རིང་། ལྷ་ས་དང་། ལྷོ་ཁ། ནག་ཆུ་བཅས་གྲོང་ཁྱེར་གསུམ་གྱིས་རང་ངོས་ཀྱི་འབྲོག་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ཉིད་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་པའི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་རིགས་དབྱེ་ཇུས་འདོན་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། ས་ཁོངས་ཀྱི་སྤུས་རྟགས་ཞིབ་ཚགས་གཏོད་པ་བཅས་བྱས་ཏེ་གྲོང་ཁྱེར་གསུམ་གྱི་འབྲོག་ལས་ཐོན་སྐྱེད་བྱེད་སྟངས་རང་བྱུང་གསོ་ཚགས་ནས་དེང་རབས་གསོ་ཚགས་ལ་འགྱུར་ལྡོག་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་བ། ལྷ་ས་གྲོང་ཁྱེར་གྱིས་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་མ་རྩ་སྒོར་དུང་ཕྱུར་3.1བཏང་ནས་ཁྲེང་ཀོན་ཆུས་ཀྱི་ཚད་གཞི་མཐོ་བའི་དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ་བཙུགས་པ་དང་། ལྷོ་ཁ་གྲོང་ཁྱེར་གྱིས་རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་ཐད་གཟན་རྩྭ་དཀོན་པའི་ཞན་ཆར་གཞིགས་ཏེ་མུའུ་ཆིག་སྟོང་ཟིན་པའི་མི་ཐབས་གཟན་རྩྭ་འདེབས་འཛུགས་ཀྱི་རྟེན་གཞི་14བསྐྲུན་ཡོད། ནག་ཆུ་གྲོང་ཁྱེར་གྱིས་འབྲོག་ལས་ཀྱི་ལེགས་ཆར་བརྟེན་ནས་འབྲི་གཡག་མཐུན་ཚོགས་བཙུགས་པ་དང་ཞིང་འབྲོག་པའི་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དང་དེ་བཞིན་ཤ་དང་འོ་མའི་ལས་སྣོན་བཟོ་གྲྭ་བཙུགས་ཡོད།

    གཉེར་སྐྱོང་བྱེད་པོ་གསར་གཏོད་ཤུགས་ཆེན་བྱས་པ། གྲོང་ཁྱེར་གསུམ་གྱིས་རྒྱལ་ཁབ་ཀྱིས་མ་རྩ་གཏོང་བ་དང་། ཞིང་འབྲོག་པ་མ་རྐང་ནང་ཞུགས་པ། མ་རྐང་གཞིར་བཟུང་ཁེ་བཟང་བགོ་བ། ཉེན་ཁ་མཉམ་འཁུར་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ལྷ་ས་དང་། ལྷོ་ཁ། ནག་ཆུ་བཅས་ཀྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་1366དང་1356 1185བཅས་བཙུགས་པས་འབྲོག་ལས་ཤེས་པ་དང་། གཉེར་སྐྱོང་བྱེད་མཁས་པ། དོ་དམ་ཤེས་པ་བཅས་ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་ཀྱི་སྤྱི་གཉེར་བ་དང་འབྲོག་རའི་བདག་པོ་ཁག་ཅིག་གསོ་སྐྱོང་བྱས་ཡོད།

    ས་ཁོངས་ཀྱི་སྤུས་རྟགས་ཞིབ་ཚགས་བཏོད་པ། གྲོང་ཁྱེར་གསུམ་གྱིས་རང་ངོས་ཀྱི་ལེགས་ཆའི་ཐོན་ཁུངས་འཚོལ་ཞིབ་གང་ལེགས་དང་ཚོང་འགུགས་མ་འདྲེན་བྱས་ནས་འབྲོག་ལས་ཐོན་ཟོག་གི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱས་ཡོད། 

    དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་དོན་འཁྱོལ་ཡག་པོ་བྱས་པ། 2017ལོ་ནས་བཟུང་ལྷ་ས་གྲོང་ཁྱེར་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་6ལྷག་ཙམ་གྲབས་གསོག་བྱས་ཏེ་བཞོན་མའི་གསོ་ཚགས་དཔེ་སྟོན་དུད་ཚང་6000གསར་འཛུགས་དང་། བཞོན་མ་གསོ་ཚགས་ཁུལ་ཆུང་35འཛུགས་པ། ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་3འཛུགས་པ་བཅས་བྱས་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་1.15བཏང་སྟེ་ལྷུན་རྩེ་གཉལ་སྟོད་ཚད་ལྡན་ཅན་གྱི་གསོ་ཚགས་རྟེན་གཞི་བཙུགས་པ་དང་། སྒོར་དུང་ཕྱུར་1.2བཏང་སྟེ་སྣེ་གདོང་དཔལ་རོང་བཞོན་མ་རྒྱུད་སྤེལ་རྟེན་གཞི་བཙུགས་ཡོད། ནག་ཆུ་གྲོང་ཁྱེར་གྱིས་སྒོར་དུང་ཕྱུར་8ལྷག་ཙམ་བཏང་སྟེ་འབྲོག་ལས་དབུལ་སྐྱོར་ཐོན་ལས་གླིང་བཙུགས་ནས་འབྲི་གཡག་མགོ་གྲངས་ཆིག་སྟོང་ལྷག་ཙམ་ཟིན་པའི་ཚད་ལྡན་ཅན་གྱི་གསོ་ཚགས་དབུལ་སྐྱོར་ཐོན་ལས་རྟེན་གཞི་དང་། དཀར་ཆུའི་ཐོན་རྫས་ལས་སྣོན་བཟོ་གྲྭ ཚགས་ཤ་དང་ལུག་ཤའི་ལས་སྣོན་བཟོ་གྲྭ་བཙུགས་ཡོད། གྲོང་ཁྱེར་གསུམ་གྱིས་དབུལ་སྐྱོར་རྣམ་གྲངས་འཛུགས་སྐྲུན་དང་ལེགས་ཆའི་ཐོན་ལས་ཟུང་འབྲེལ་ནུས་ལྡན་བྱས་ཏེ་འབྲོག་ལས་འཕེལ་རྒྱས་གཏིང་ཟབ་འགྲོ་བར་སྐུལ་འདེད་བཏང་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།