[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • རྟ་ཕོར་རྒྱུག་ཤེད་ཡོད་ན། བྱང་ཐང་སྟོང་པ་རེད།

    བོད་ལྗོངས་ཀྱི“དཔྱིད་རླུང་བྱ་སྤྱོད”སྤེལ་ཚུལ་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-05-19

    འདི་ལོའི་ཟླ་བ་གསུམ་པའི་ཟླ་དཀྱིལ་ནས་བཟུང་། “ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ”བརྗོད་དོན་གཙོ་བོར་བྱས་པའི་2017ལོའི“དཔྱིད་རླུང་བྱ་སྤྱོད”རང་ལྗོངས་སུ་འགོ་བརྩམས་པ་རེད། རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་། དབུལ་སྐྱོར་གཞུང་ལས་ཁང་། སློབ་གསོ་ཐིང་། སྤྱི་ཁྱབ་བཟོ་ཚོགས། བུད་མེད་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཚན་པའི་སྒྲིག་འཛུགས་དང་བཀོད་སྒྲིག་འོག་རང་ལྗོངས་ཀྱི་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)ཁག་ཏུ་ལས་ཞུགས་གདན་ཞུའི་ཚོགས་འདུ་ཚོགས་པའི་ཚ་རླབས་ཤིག་འཕྱུར་ནས་ལས་དོན་དྲིལ་བསྒྲགས་ས་ཚིགས་དང་ལས་ཀ་འཚོལ་མཁན་བཅས་ཀྱི་དམིགས་བསལ་གྱི་རྣམ་པ་ཞིག་གྲུབ་ཡོད།

    ལས་དོན་མི་སྣས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་དྲིལ་བསྒྲགས་བྱེད་པ།

    ཉིན་ཤས་གོང་། ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་གྱི་འབོད་ཚིག་རེ་རེས་གྲོང་མིའི་ཡིད་དབང་བཀུག་པ་མཐོང་སྐབས་གསར་འགོད་པ་རང་དབང་མེད་པར་དྲིལ་བསྒྲགས་བྱ་ཡུལ་དུ་གནས་ཚུལ་ཤེས་རྟོགས་བྱེད་པར་ཕྱིན་པ་ཡིན། དེ་ནི་རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཅུས་ལས་རིགས་ངོ་སྤྲོད་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣས་བཙུགས་པ་ཞིག་རེད། དྲིལ་བསྒྲགས་བྱ་ཡུལ་དེ་ཅོག་ཙེ་རིང་པོ་ཁ་ཤས་ལས་གྲུབ་ཅིང་། ལས་དོན་མི་སྣས་ཞྭ་མོ་གྱོན་ནས་ལས་ཞུགས་དྲིལ་བསྒྲགས་ལག་དེབ་སྤྲོད་ཞོར་དུ་འབོད་ཚིག་བསྒྲགས་ཏེ་གྲོང་མི་དེ་གར་བློ་འདྲི་བྱེད་པར་ཡོང་བའི་ཡིད་དབང་བཀུག

    རང་སྐྱོང་ལྗོངས་ངལ་རྩོལ་ལས་ཞུགས་ཅུས་ལས་རིགས་ངོ་སྤྲོད་ཞབས་ཞུའི་ལྟེ་གནས་ཀྱི་འགན་ཁུར་བ་ཀའོ་ཧྥུའུ་ཆང་གིས་གསར་འགོད་པར་ད་ཐེངས་གཡུ་ཐོག་ལམ་དུ་བཙུགས་པའི་ལྗོངས་ཐད་གཏོགས་ཀྱི་2017ལོའི“དཔྱིད་རླུང་བྱ་སྤྱོད”དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་འདི་ནི་ས་ཚིགས་གསུམ་པ་དེ་རེད། དེའི་གོང་ལྷ་ཀླུ་ཟམ་པ་དང་གཡུ་ཐོག་ལམ་སོགས་སུ་དྲིལ་བསྒྲགས་བྱེད་མྱོང་ཡོད་ལ། མིག་སྔར་བྱེད་སྒོ་འདི་མུ་མཐུད་སྤེལ་བཞིན་ཡོད། “ད་ཐེངས་ཀྱི་བྱེད་སྒོ་འདི་ཟླ་བ་གསུམ་པའི་ཟླ་དཀྱིལ་ནས་འགོ་བཙུགས་པ་རེད། ལས་ཀ་འཚོལ་མཁན་ལ་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱ་ཆེད། ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་མི་སྣ་2ལས་གྲུབ་པའི་ཚོགས་ཆུང་3ལ་ཕྱེ་ནས་ཉིན་ལྟར་ཁྲོམ་གཞུང་དང་སྲང་ལམ་ཁག་ཏུ་ལས་གནས་ཆ་འཕྲིན་འཚོལ་བསྡུ་བྱེད་པ་དང་། པེ་ཅིང་དཀྱིལ་ལམ་དང་། གྲོང་སྐོར་ལམ་གཉིས་པ། ཉི་འོད་གླིང་ཕྲན། གཡུ་ཐོག་ལམ་སོགས་ལྷ་ས་གྲོང་ཁྱེར་གྱི་ཁྲོམ་གཞུང་དང་སྡེ་ཁུལ་གལ་ཆེན་ཁག་ཏུ་བསྐྱོད་དེ་གཟའ་འཁོར་རེར་ལས་གནས་200ཙམ་འཚོལ་བསྡུ་བྱེད་ཀྱི་ཡོད་ཅིང་། ད་བར་ཁྱོན་བསྡོམས་ཁེ་ལས་190ལྷག་ཙམ་ལ་བསྐྱོད་དེ་ལས་གནས་3000ལྷག་ཙམ་འཚོལ་བསྡུ་བྱས་ཡོད”ཅེས་བཤད་བྱུང་།

    ལས་ཀ་འཚོལ་མཁན་བློ་བདེ་པོ་ཡོང་བ་བྱེད་པ།

    ལོ་50ལ་སླེབས་པའི་གྲོང་མི་ཚེ་རིང་བསམ་གྲུབ་དྲིལ་བསྒྲགས་བྱ་ཡུལ་དུ་ལས་གནས་བློ་འདྲི་བྱེད་པར་སླེབས་ཤིང་། རྒད་པོས་རང་ཉིད་ཀྱི་ལོ་20ལ་སླེབས་པའི་བུ་ལ་ད་ལྟ་ལས་ཀ་མེད་པས་ཁ་ལོ་བའི་ལས་ཀ་ཞིག་འཚོལ་ཐུབ་པའི་རེ་བ་ཡོད་ཅེས་ལས་དོན་མི་སྣར་བཤད། ལས་དོན་མི་སྣས་སེམས་རྩ་འཁོལ་པོས་རྒད་པོའི་བུའི་ཆ་འཕྲིན་ཞིབ་ཕྲ་ཐོ་འགོད་བྱས་པར་ཚེ་རིང་བསམ་གྲུབ་ཧ་ཅང་དགའ་པོ་བྱུང་ནས་ཐུགས་རྗེ་ཆེ་ཞེས་ཞུས།

    སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་ཐོན་པའི་ཚེ་རིང་སྒྲོལ་དཀར་སྣེ་ཤན་པའི་ལས་ཀ་ཞིག་འཚོལ་འདོད་ཡོད་ཀྱང་དེའི་ཐད་གྲ་སྒྲིག་ཇི་འདྲ་བྱེད་དགོས་མིན་མ་ཤེས་སྟབས་དྲིལ་བསྒྲགས་བྱ་ཡུལ་དུ་བློ་འདྲི་བྱེད་པར་བསྐྱོད། “དེ་རིང་ལས་དོན་མི་སྣས་ངར་གནད་ལ་འཁེལ་བའི་གྲོས་འགོ་མང་པོ་བཏོན་བྱུང་བས་ཕུགས་བསམ་མངོན་འགྱུར་བྱེད་བདེ་རུ་ཕྱིན་སོང”ཞེས་ཚེ་རིང་སྒྲོལ་དཀར་གྱིས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། མི་སྤྱོད་ཚན་པ་མང་པོ་ཞིག་གིས་ལས་ཀ་འཚོལ་མཁན་ལ་རེ་བ་མཐོ་པོ་དེ་ཙམ་མེད། གླ་ཆའི་ཐད་མི་སྤྱོད་ཚན་པ་མང་ཆེ་བས་ཁྲོམ་རའི་ཆ་སྙོམས་ཆུ་ཚད་ཀྱི་རྨང་གཞིའི་ཐོག་མཐོ་རུ་གཏོང་གི་ཡོད། དེར་བརྟེན་སློབ་རྒྱུས་མཐོ་དམན་གང་ཡིན་རུང་ལས་ཀ་ཡག་པོ་ཞིག་འཚོལ་ཐུབ་ཀྱི་ཡོད། མི་སྤྱོད་ཚན་པ་མང་པོ་ཞིག་གིས་ལས་གནས་ཀྱི་གླ་ཆ་ཞིབ་ཕྲ་གཏན་འཁེལ་བྱེད་ཀྱི་མེད་པས་ལས་ཀ་འཚོལ་མཁན་གྱིས་མི་སྤྱོད་ཚན་པ་དང་སྐད་ཆ་བྱ་ཆོག་གི་ཡོད།

    གྲོང་ཁྱེར(ས་ཁུལ)ཁག་གིས་ཚ་ཚ་འུར་འུར་ངང་གདན་ཞུའི་ཚོགས་འདུ་འཚོག་པ།

    ཉེ་ཆར་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་གྲོང་རྡལ་དུ“ལས་ཞུགས་གཞན་སྒྱུར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ”བརྗོད་དོན་གཙོ་བོར་བྱས་པའི“དཔྱིད་རླུང་བྱ་སྤྱོད”ཀྱི་ཆེད་དོན་གདན་ཞུའི་ཚོགས་འདུ་འཚོགས་པ་རེད། གདན་ཞུའི་ཚོགས་འདུའི་ཐོག་ལྷ་ས་དང་ལྷོ་ཁ་སོགས་མི་སྤྱོད་ཚན་པ་68ཀྱིས་ལས་གནས་902མཁོ་འདོན་བྱས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཉིན་དེར་མི་ཐེངས་1100ཞུགས་པ་དང་མི་574ཡིས་འདོད་མོས་རང་བཞིན་གྱི་གྲོས་མཐུན་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་211ཡོད། གཞན་ཡང་གདན་ཞུའི་ཚོགས་འདུའི་ཐོག་ད་དུང《ལས་ཞུགས་སྐུལ་སྤེལ་བཅའ་ཁྲིམས》དང《ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཙོ་གནད་དྲིལ་བསྒྲགས་བྱས་པ་དང་དྲིལ་བསྒྲགས་དཔྱད་ཡིག་1600ལྷག་ཙམ་སྤྲད་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།