[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འདི་ལོ་ནས་བཟུང་ཆབ་མདོ་གྲོང་ཁྱེར་གྱིས་མུ་མཐུད་དངོས་སྒྲུབ་ཀྱི་སྙིང་སྟོབས་ཐོག་ནས་དམངས་འཚོའི་དཀའ་གནད་སེལ་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་པ།

    ​ དམངས་འཚོ་ལེགས་པར་གཉེར། བདེ་སྐྱིད་འཚོ་བ་བསྐྲུན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-06-18

    རྫ་ཆུའི་ཆུ་ལམ་བཅོས་སྒྲིག་དང་། “དམངས་འཚོའི་འདུ་འགོད་ཁག་བཅུ་གཉིས”“ཚོགས་སྒྲིག་རྣམ་པའི”སློབ་གསོ་དང་སྨན་བཅོས་བོད་སྐྱོར། སྤང་མདའ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན། ཁྲོན་བོད་དྲ་སྦྲེལ། གྲོང་ཁུལ་རྙིང་པ་སྒྱུར་བཀོད། གྲོང་ཁྱེར་མི་དམངས་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་སོགས་དམངས་འཚོའི་རྣམ་པ་དང་དམངས་འཚོའི་འདུ་འགོད་ཁག་ལས་དུད་ཚང་ཁྲི་སྟོང་མང་པོར་ཕན་པ་སྐྲུན་པ་དང་བདེ་སྐྱིད་བརྒྱུད་སྤྲོད་བྱས།

    2017ལོར་ཆབ་མདོ་གྲོང་ཁྱེར་གྱིས་མུ་མཐུད་བྱ་སྤྱོད་སྤེལ་ནས་དམངས་འཚོའི་དངོས་ཡོད་དོན་སྙིང་ལ་གསལ་བཤད་བྱས་པ་དང་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཆབ་མདོས་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་རྒྱུ་གཉིས་ལ་སྐུལ་མ་མགྱོགས་མྱུར་གཏོང་བཞིན་ཡོད།

    སྨན་བཅོས་ཞབས་ཞུར་བརྟེན་ནས་བདེ་ཐང་འགན་ལེན་བྱས།

    དབྱར་ཁའི་སྦྲང་ཆར་ཟིལ་མའི་ཁྲོད་གསར་འགོད་པ་སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་དང་སྨན་རྩིས་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ལག་བསྟར་བྱ་ཡུལ་དུ་སྐྱོད། ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་པའི་ལས་ཡུལ་དུ་འཛུགས་སྐྲུན་བཟོ་པ་ཚོའི་ལས་བྲེལ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་འདུག

    སྨན་ཁང་གཉིས་ཀྱི་རྣམ་གྲངས་འཛུགས་སྐྲུན་མགྱོགས་མྱུར་བྱེད་བཞིན་ཡོད་པ་དེ་ནི་ཆབ་མདོ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་མ་མགྱོགས་མྱུར་གཏོང་བའི་མཚོན་བྱེད་ཙམ་ཞིག་རེད།

    གྲོང་ཁྱེར་མི་དམངས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུང་ཁྲུན་གྱིས་གྲོང་ཁྱེར་མི་དམངས་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ལས་གྲྭའི་རྣམ་གྲངས་ནང་ཕྱི་བཅོས་ཚན་ཁག་གི་ཕྱོགས་བསྡུས་ཐོག་བརྩེགས་ཁང་ཆེན་དང་། སྒོ་བསྟེན་སྨན་ཁང་གི་གསོ་རིག་ལག་རྩལ་ཐོག་བརྩེགས་ཁང་ཆེན། ཕྱི་བཅོས་སྨན་ཁང་གི་ཐོག་བརྩེགས་ཁང་ཆེན་བཅས་ཚུད་ཡོད་པ་དེ་ནི་རྒྱལ་ཁབ་ཀྱི་ཀ་པ་རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་གི་ཚད་གཞི་གཞིར་བཟུང་སྐྲུན་བཞིན་ཡོད། མིག་སྔའི་བར་ལས་གྲྭ་ཧྲིལ་པོའི་60%ལེགས་གྲུབ་ཟིན་པ་དང་རྣམ་གྲངས་སྐྲུན་ཟིན་རྗེས་དེ་སྔ་སྒོ་བསྟེན་སྨན་ཁང་དུ་བང་རིང་པོ་སྒྲིག་པ་དང་སྨན་ཁང་དུ་ཞག་སྡོད་བྱེད་པར་ནད་ཁྲི་དཀོན་པ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    གྲོང་ཁྱེར་སྨན་རྩིས་ཁང་བསྐྱར་སྐྲུན་རྒྱས་སྐྲུན་རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་ཀྲང་མིང་ཞུང་གིས“རྣམ་གྲངས་ལས་འགོ་ཚུགས་ཚུན་ང་ཚོས་འཕྲུལ་ཆས་དང་སྒྲིག་ཆས་དང་མི་ཤུགས་སོགས་འདང་ངེས་བཏང་ནས་ཉིན་མཚན་བལྟོས་མེད་ངང་ནུས་ཤུགས་ཡོད་རྒུས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་སྤུས་འབོར་གཉིས་ལྡན་ངང་སྔ་ཙམ་སྐྲུན་ཟིན་པ་དང་སྔ་ཙམ་སྤྱོད་ཐུབ་པ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་བྱེད་བཞིན་ཡོད”ཅེས་གསར་འགོད་པར་བཤད།

    སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་དང་འབྲེལ་བ་ཡོད། ཆབ་མདོ་གྲོང་ཁྱེར་གྱིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྨན་བཅོས་འཕྲོད་བསྟེན་ཐད་གཏོང་ཆ་གཏོང་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་མ་ཟད་བོད་སྐྱོར་མ་དངུལ་གྱི་གསུམ་ཆ་གཅིག་གྲོང་ཁྱེར་དེ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ཁྲོད་བཏང་ཡོད། ད་ཆ། ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་བསྐྱར་སྐྲུན་རྒྱས་སྐྲུན་དང་། སྨན་རྩིས་ཁང་བསྐྱར་སྐྲུན་རྒྱས་སྐྲུན། གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་འཛུགས་སྐྲུན། གྲོང་ཁྱེར་ལྟེ་བའི་ཁྲག་གི་ས་ཚིགས་འཛུགས་སྐྲུན་སོགས་རྣམ་གྲངས་ཚང་མ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་བཞིན་ཡོད་པ་དང་རྫོང(ཆུས)ཁག་གི་འཕྲོད་བསྟེན་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཆབ་མདོ་གྲོང་ཁྱེར་དུ་འཕྲོད་བསྟེན་རྣམ་གྲངས་ཀྱི་འཆར་འགོད་ཁག་121ཡོད་པ་དང་བསྡོམས་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་19.71ཟིན་ཡོད། མིག་སྔའི་བར་རྣམ་གྲངས་16ལས་འགོ་བཙུགས་ཟིན་པ་དང་། སུས་འཇོན་དེ་འགུག་གི་དུས་མཚམས་སུ་སླེབས་པའི་རྣམ་གྲངས་ཁག་20ཡོད་པ། ལས་འགོའི་འགྲོ་ལུགས་གཉེར་བཞིན་པའི་རྣམ་གྲངས་5ཡོད་པ་བཅས་དང་དེ་མིན་རྣམ་གྲངས་80དེ་དག་2018ལོར་སྐྲུན་འགོ་ཚུགས་རྒྱུ་རེད།

    སློབ་གསོས་དམངས་ལ་ཕན་པ་བསྐྲུན་ནས་ཕུགས་འདུན་སྒྲུབ་པར་བྱས།

    སློབ་གསོ་ནི་མི་རིགས་དར་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་རྨང་གཞི་རེད། ཉེ་བའི་ལོ་ཤས་ནང་ཆབ་མདོ་གྲོང་ཁྱེར་གྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས་སློབ་གསོའི་རྗེས་བསྙེགས་འཐབ་ཇུས་དང་དར་རྒྱས་ཀྱི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། སློབ་གཉེར་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་བ་བཅས་བྱས་ཏེ་སློབ་གསོ་དམངས་ཕན་འདུ་འགོད་མང་དག་ཅིག་བསྐྲུན་ཡོད།

    ཆབ་མདོ་གྲོང་ཁྱེར་གྱིས་2015ལོར་འགན་ལེན་རང་བཞིན་གྱི་སྡོད་ཁང(འགུ་རོའི་ཁུལ)ལས་གྲྭ་དང་གྲོང་ཁྱེར་སློབ་ཆུང་གཉིས་པ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དེ་ནི་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ཀྱིས་སློབ་གསོར་རེ་སྒུག་ཆེན་པོ་བྱེད་པའི་ཁྲོད་བསྐྲུན་འགོ་ཚུགས་པ་ཞིག་རེད།

    ཆབ་མདོ་གྲོང་ཁྱེར་གྱིས་2015ལོར་འགན་ལེན་རང་བཞིན་གྱི་སྡོད་ཁང(འགུ་རོའི་ཁུལ)ལས་གྲྭ་འཛུགས་སྐྲུན་བྱ་ཡུལ་དུ་གསར་འགོད་པས་ན་ནིང་ཟླ་7པར་ལས་འགོ་ཚུགས་པའི་རྣམ་གྲངས་དེ་རྩིག་པ་རྩེག་པ་དང་མ་དཔེའི་སྡོད་ཁང་འཛུགས་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་སྐྲུན་ཟིན་རྗེས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགེ་རྒན་དེའི་ནང་སྤོས་ཏེ་དགེ་རྒན་ཚོར་སྐྱིད་སྣང་དོད་པའི་སྡོད་ཁང་གི་ཁོར་ཡུག་གཏོད་ཐུབ་རྒྱུ་རེད།

    རྣམ་གྲངས་ལས་གྲྭའི་ལྟ་ཞིབ་དོ་དམ་པ་ཀྲང་ཡུས་ཀྱིས“རྣམ་གྲངས་ལས་འགོ་ཚུགས་ནས་སྐྲུན་ཚུན་ཨར་ལས་མི་སྣ་125ཡིས་ཉིན་མཚན་བལྟོས་མེད་ངང་ལས་དུས་འཕར་མ་བྱས་ནས་མིག་སྔར་ལས་འབོར་གྱི་60%ལེགས་གྲུབ་ཟིན་པ་དང་རྣམ་གྲངས་ཀྱི་དངོས་གཞིར་ཞིབ་བཤེར་རྩིས་ལེན་ཐུབ་རྗེས་ཁང་པར་མཛེས་བཟོ་བྱས་ནས་ཟླ་བཅུ་པའི་ཟླ་མཇུག་ཏུ་ལས་མཇུག་སྒྲིལ་ནས་དགེ་རྒན་ཚོ་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པ་བྱ་རྒྱུ་རེད”ཅེས་གསར་འགོད་པར་བཤད།

    མ་དངུལ་སྒོར་ཁྲི་6600བཏང་བའི་ཆབ་མདོ་གྲོང་ཁྱེར་གྱི་སློབ་ཆུང་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་དེ་སྐྲུན་ཟིན་རྗེས་སློབ་ཆུང་གི་སློབ་ལོ་ལོན་པའི་བྱིས་པ་1650ཡི་སློབ་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།

    འགྲིམ་འགྲུལ་ཤར་གཏོང་ཐུབ་ནས་འགྲོ་སྐྱོད་ལ་ཕན་པ་ཐོབ།

    དབྱར་འགོར་རྒྱ་ལྕང་སྔོ་ལ་མེ་ཏོག་དམར་ཐིང་ངེར་བཞད།

    ཟླ་6ཚེས་2ཉིན་གསར་འགོད་པས་དྲག་ཆས་སྤྲས་ཏེ་ཆབ་མདོ་ཐང་གི་ཕུག་ལམ་ནང་སྐྱོད། སྦུག་ཤོས་སུ་སླེབས་སྐབས་མདུན་ཕྱོགས་ནས་འབིགས་པའི་ཕུག་ལམ་གྱི་ངོས་སུ་བཟོ་པ་ཚོས་ལས་སྟེགས་ཐོག་གློག་འཕྲུལ་བཀོལ་སྤྱོད་བྱེད་བཞིན་འདུག

    ཆབ་མདོ་ཐང་ཕུག་ལམ་གྱི་དུམ་བུ་གཉིས་པའི་འགན་འཁུར་བ་ཀྲོའུ་དབྱང་གིས་ཆབ་མདོ་ཐང་ཕུག་ལམ་ལ་རིང་ཚད་སྨི་1615ཡོད་པ་རེད། མིག་སྔའི་བར་སྨི་737སྔོག་ཟིན་མེད་པ་དང་ཡུན་ནན་ཐང་ལ་ད་དུང་སྨི་770ལྷག་ཡོད། “ཕུག་ལམ་གཉིས་དང་ཟམ་པ་གཉིས”ཀྱི་རྣམ་གྲངས་ལ་མ་དངུལ་60%ཙམ་བཏང་ཟིན་པ་དང་ལོ་འཁོར་འདིར་མ་དངུལ་སྒོར་དུང་ཕྱུར་2བཏང་ཟིན་རེ་ཡོད་ཅེས་གསར་འགོད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། G214དང་G317ལམ་ཐིག་གི་ཆབ་མདོ་གྲོང་རྡལ་གྱི་ས་ཁོངས་སྒྲོལ་བའི་རྣམ་གྲངས་ནི་ཆབ་མདོ་ཐང་ཕུག་ལམ་དང་། ཡུན་ནན་ཐང་ཕུག་ལམ། མ་ཚའོ་ཐང་ཟམ་ཆེན། དགའ་ཏུང་ཁྲོམ་གཞུང་ཟམ་ཆེན་བཅས་ཡིན་པ་དང་བསྡོམས་མ་དངུལ་སྒོར་དུང་ཕྱུར་8.97བཏང་ནས་2016ལོའི་ཟླ་8པར་ལས་འགོ་ཚུགས་པ་དང་2018ལོའི་ཟླ་12པར་ལེགས་གྲུབ་ཟིན་རྒྱུ་རེད།

    ས་ཁོངས་སྒྲོལ་བའི་གཞུང་ལམ་རྣམ་གྲངས་ལག་བསྟར་བྱས་པ་དེས་གྲོང་ཁུལ་གྱི་ལམ་དྲའི་གྲུབ་ཆ་མངོན་གསལ་དོད་པོས་འཐུས་སྒོ་ཚང་དུ་འགྲོ་བ་དང་ས་ཁོངས་སྒྲོལ་བའི་གཞུང་ལམ་དང་གྲོང་ཁྱེར་གྱི་མ་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཏེ་སྤྱི་ཚོགས་ཞི་མཐུན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་འགྲོ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཅུས་ཀྲང་གཞོན་པ། ས་ཁོངས་སྒྲོལ་བའི་གཞུང་ལམ་རྣམ་གྲངས་གཞུང་ལས་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཆོས་གྲགས་ཀྱིས་མིག་སྔར་ཆབ་མདོའི་སྐྲུན་བཞིན་པའི་ཕུག་ལམ་ཁྲོད་ད་དུང་གཤེ་ལ་ཕུག་ལམ་དང་། སྔས་ལ་ཕུག་ལམ། འབྲུག་མགོ་ལ་ཕུག་ལམ་བཅས་ཡོད་པས་2018ལོའི་ཟླ་5པར་རླངས་འཁོར་ཕྱོགས་ཡོངས་ནས་ཤར་གཏོང་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས།

    འདི་ལོ་ཆབ་མདོར་འགྲིམ་འགྲུལ་རིགས་ཀྱི་གཙོ་གནད་རྣམ་གྲངས་མཐུད་སྐྲུན་བྱེད་བཞིན་པ་ཁག་4ཡོད་པ་དང་གསར་སྐྲུན་བྱེད་བཞིན་པའི་རྣམ་གྲངས་ཁག་2ཡོད། གྲོང་གསེབ་ཀྱི་གཞུང་ལམ་མཐུད་སྐྲུན་རྣམ་གྲངས་ཁག་91ཡོད་པ་དང་གསར་སྐྲུན་བྱ་རྩིས་ཡོད་པའི་རྣམ་གྲངས་199ཡོད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“སྔོན་སྐྱོད་པ”ཡིན་པའི་ངོས་ནས་འགྲིམ་འགྲུལ་འཛུགས་སྐྲུན་ལས་ཆབ་མདོའི་ཞེན་ཆགས་ཆེ་བའི་ས་ཆ་དེར་འགྱུར་ལྡོག་འགྲོ་རྒྱུ་དང་། ཆབ་མདོའི་དཔལ་འབྱོར་གྱི་རྣམ་པ་ལེགས་སུ་འགྲོ་རྒྱུ། འཕེལ་རྒྱས་མྱུར་པོ་འགྲོ་བའི་ལོ་རྒྱུས་ཀྱི་ཆ་རྐྱེན་གཏོད་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།