[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འཇོན་ཐང་ཅན་དང་ཟུང་འབྲེལ་བྱས་པས་དབུལ་སྒྲོལ་གྱི་ནང་གནས་སྒུལ་ཤུགས་འཕེལ་བ།

    —— སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་གྱི་གནད་ སྨིན་དབུལ་སྐྱོར་སྐོར་གྱི་འཕྲིན་སྤེལ་གསུམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཉིང་ཁྲིའི་འཕྲིན་སྤེལ་ཚོགས་ཆུང་གིས།    |    སྤེལ་དུས།   2017-06-18

    དར་རྒྱས་རི་གྲོང་དང་གཡང་རྟེན་བོད་སྨན་སྨན་རྩྭ་འདེབས་འཛུགས་མཉམ་ལས་ཁང་ལ་བཅར་འདྲི་བྱས་ཟིན་རྗེས་ང་ཚོ་ཡར་ཀླུང་གཙང་པོའི་ངོགས་ནས་སྨན་གླིང་གྲོང་རྡལ་ཤོ་ཁ་གྲོང་ཚོའི“ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་གྱི་ཁྱིམ་ཚང་ཞིང་རར”འབྱོར། ཞིང་རའི་འགན་འཁུར་བ་ཉི་མས་དུད་ཚང་དབུལ་པོར་ཀོ་ཤ་འདེབས་འཛུགས་བྱེད་སྟངས་ནན་ཏན་ངང་སློབ་བཞིན་དུ“ཤ་མོའི་ཟུར་ནས་གྲིས་གཞོག་དགོས། གཞོག་སྐབས་ཁ་ཆེ་དྲགས་རྒྱུ་མེད་ལ་ཆུང་ཡང་དྲགས་རྒྱུ་མེད། དེ་ལྟར་བྱས་ན་མགྱོགས་ལ་ལག་པར་རྨ་བཟོ་མི་སྲིད”ཅེས་བཤད། དུད་ཚང་དབུལ་པོའི་ལས་མིས་ཉི་མས་བསླབས་པ་བཞིན་ཀོ་ཤའི་ཟུར་གཅིག་གྲིས་གཞོག་པ་དང་དེ་རྗེས་ཞིང་རར་འཛུགས་ཀྱིན་འདུག

    “ཉི་མ་ནི་སྨན་གླིང་གྲོང་རྡལ་བམ་གྲོང་གྲོང་ཚོ་ནས་རེད། དེ་སྔ་ཁོང་མི་སེར་དཀྱུས་མ་དང་འདྲ་བར་ལག་རྩལ་མི་ཤེས་པ་མ་ཟད་ཁྱིམ་ཚང་གི་འཁོས་ཀའང་ཅུང་ཞན་ཙམ་ཡོད། སྲིད་གཞུང་གི་རོགས་རམ་འོག་ཁོང་གིས་ཚན་རྩལ་གསོ་སྦྱོང་ནང་ཞུགས་ཏེ་ཚན་རྩལ་གྱི་ཁྱད་འཕགས་ཤེས་རྗེས་དཀའ་སྤྱད་འབད་འཐབ་ཀྱིས་ཀོ་ཤ་ཇི་ལྟར་འདེབས་དགོས་མིན་སློབ་སྦྱོང་བྱས་ཡོད”ཅེས་སྨན་གླིང་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་ཚེ་རིང་སྒྲོལ་མས་དེ་ལྟར་ངོ་སྤྲོད་བྱས། 2012ལོའི་ཟླ་9པར་ཉི་མས་ནང་མིས་གཙོ་བོར་བྱས་ཏེ་སྨན་གླིང་གྲོང་རྡལ་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་གྱི་ཁྱིམ་ཚང་ཞིང་ར་གཉེར། ཁོང་གིས་ཚན་རིག་དང་མཐུན་པའི་འདེབས་འཛུགས་ལག་རྩལ་ནན་ཏན་ངང་སྦྱོང་ཞོར་དུ་ཞིང་རའི་དོན་དངོས་ལ་གཞི་ཚུགས་ཏེ་གསར་གཏོད་ཧུར་ཐག་བྱས་པས་ཀོ་ཤ་དང་། སྡོང་ཕུང་། མེ་ཏོག་རྩེག་མ་བཅས་འདེབས་འཛུགས་ཀྱི་ཉམས་མྱོང་ཞིག་རིམ་བཞིན་བསགས་ཡོད། དུས་ཐུང་ལོ་འགའ་ཤས་ནང་ཉི་མས་ས་ཞིང་བོགས་མར་བླངས་པ་དང་མ་དངུལ་སྒོར་ཁྲི་490བཏང་སྟེ་མུའུ་300ཟིན་པའི་བོད་སྨན་གྱི་སྨན་རྩྭ་འདེབས་འཛུགས་རྟེན་གཞི་2བཙུགས་པ་དང་ཞིང་ར་ནས་ཐོན་སྐྱེད་བྱས་པའི་ཀོ་ཤ་དང་སྡོང་ཕུང་གི་ས་བོན་ཉེ་འཁོར་གྱི་བྲག་ཡིབ་དང་། ཀོང་པོ་རྒྱ་མདའ། རྫ་ཡུལ། སྤོ་བོ་བཅས་ཆུས་དང་རྫོང་བཞིའི་གྲོང་ཚོ་བཅུ་ལྷག་ཙམ་ལ་བྲིན་ཚོང་དང་ཁྱབ་གདལ་བཏང་བས་ལོར་ཡོང་འབབ་སྒོར་ཁྲི་180ལྷག་ཙམ་དང་ཁེ་བཟང་གཙང་མ་སྒོར་ཁྲི་35བྱུང་བས། ཉི་མའི་ཁྱིམ་དབུལ་པོའི་གནས་ལས་སྒྲོལ་ཏེ་འོད་ཟེར་སྟོང་ལྡན་གྱི་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་ཐུབ་ཡོད། བྱ་གཞག་ལམ་ལྷོངས་བྱུང་བ་དང་མཚན་སྙན་མང་དག་ཅིག་ཐོབ་པའི་ཉི་མས“ང་ནི་ཏང་ཡོན་ཞིག་ཡིན་པ་དང‘ཉི་མ་དམར་པོར’དེ་རིང་གི་གཞི་ཁྱོན་འདི་ལྟ་བུ་ཆགས་དོན་ནི་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཏང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང་མང་ཚོགས་རྣམས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱ་རྒྱུ་ནི་ངའི་འགན་འཁྲི་དང་འོས་འགན་ཡིན”ཞེས་བཤད།

    “ཉི་མ་ནི་མི་བདེན་པ་བདེན་ཐུབ་དང་ཁ་བཤད་ལག་ལེན་བསྟར་མཁན་ཞིག་རེད”ཅེས་སྨན་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སུང་པུའུ་ཁྲོན་གྱིས་གསར་འགོད་པའི་སྣེ་ཁྲིད་དེ་ཉི་མ་དམར་པོ་ཚན་རྩལ་དཔེ་སྟོན་གྱི་ཁྱིམ་ཚང་ཞིང་རའི་ནང་གི་བོད་སྨན་གྱི་སྨན་རྩྭ་སྣ་ཚོགས་བཏབ་པའི་དྲོད་ཁང་ཆེ་མོར་ལྟ་སྐོར་བྱེད་ཞོར་དུ་ཉི་མ་ནི་ཉེ་རྒྱང་གང་སར་སྐད་གྲགས་ཡོད་པའི་ཕྱུག་འགྱུར་སྣེ་ཁྲིད་མཁན་ཞིག་ཡིན་པ་མ་ཟད། ད་དུང་ལག་རྩལ་དང་། ཐོན་ཁུངས། གླ་ཆ་སྤྲོད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཉེ་འཁོར་མང་ཚོགས་དང་དུད་ཚང་དབུལ་པོར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད་ཅེས་རྒྱུས་མངའ་ཆེན་པོས་ངོ་སྤྲོད་བྱས།

    —— ཉེ་འཁོར་མང་ཚོགས་དང་དུད་ཚང་དབུལ་པོས་འཕྲལ་དུ་ཀོ་ཤ་དང་སྡོང་ཕུང་སོགས་སྨན་རྩྭ་འདེབས་འཛུགས་ལག་རྩལ་ཤེས་བདེ་པོ་ཡོང་བ་བྱ་ཆེད། ཁོང་གིས་ཏང་ཡོན་གྱི་དཔེ་སྟོན་དྲོད་ཁང་ཆེ་མོ་གཉིས་ལོགས་སུ་བཙུགས་པ་རེད།

    —— འདེབས་འཛུགས་དང་བྲིན་ཚོང་སོགས་ཐད་མང་ཚོགས་ལ་སྟབས་བདེ་ཡོང་ཕྱིར་ཁོང་གིས་འདེབས་འཛུགས་བྱེད་འདོད་ཡོད་པའི་མང་ཚོགས་དང་དུད་ཚང་དབུལ་པོར་འགྱིག་ཐུམ་ཀོ་ཤ་རིན་མེད་ངང་འདེབས་འཛུགས་བྱ་རྒྱུར་སྤྲད་པ་མ་ཟད། ཞིང་རས་གཅིག་གྱུར་ཐོག་ཐོན་ཟོག་ཉོ་སྒྲུབ་དང་བྲིན་ཚོང་བྱས་ཁར་སྨན་གླིང་གྲོང་རྡལ་གྱི་བམ་གྲོང་། སྨན་གླིང་། ཤོ་ཁ་སོགས་གྲོང་ཚོ་བདུན་གྱིས་ཀྱང་མཉམ་དུ་རོགས་སྐྱོར་བྱེད་པའི་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ལོ་ལྟར་སྒོར་ཁྲི་70རི་བའི་སྡོང་ཕུང་གི་སོན་དང་ཐུམ་སྒྲིལ་ཀོ་ཤ་རིན་མེད་ངང་སྤྲད་ནས་ཐེམ་དུད་63གྱི་མི་གྲངས་237ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་པས་ཐེམ་དུད་རེར་ཡོང་འབབ་སྒོར་ཁྲི་4ཙམ་བྱུང་ཡོད།

    —— མང་ཚོགས་དབུལ་པོར་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་ཆེད། ད་དུང་ཉི་མས་སྡོང་ཕུང་སྤོ་འཛུགས་སོགས་བྱེད་མང་བའི་དུས་སུ་ཉེ་འཁོར་གྱི་ངལ་ནུས་ཁྱིམ་ཚང་ཞིང་རར་གླས་ནས་ལས་ཕྱོད་ལྟར་ཟླ་རེར་མི་རེར་ཆ་སྙོམས་སྒོར་4500སྤྲད་པ་དང་2015ལོར་ངལ་རྩོལ་གླ་ཆ་སྒོར་ཁྲི་109སྤྲད་ཡོད།

    —— མང་ཚོགས་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ནང་གནས་ཀྱི་སྒུལ་ཤུགས་སྔར་བས་འཕེལ་བ་བྱ་ཆེད། ཉི་མས་འགྱིག་ཤོག་དྲོད་ཁང་3ལ་ཡིག་ཚགས་དང་གཱ་བཟོས་པའི་ཐེམ་དུད་15སྦྱར་ནས་ཐེམ་དུད་5ལ་དྲོད་ཁང་རེ་བགོས་ཏེ་དེ་ལས་བྱུང་བའི་ཁེ་སྤོགས་ཀྱི་ཆ་ཤས་ཡིག་ཚགས་དང་གཱ་བཟོས་པའི་ཐེམ་དུད་15ལ་བགོ་འགྲེམས་བྱས་ཤིང་། ལོ་ལྟར་དུད་ཚང་དབུལ་པོ་རེར་སྒོར་1500ནས་3000བར་བྱུང་ནས་ཁོང་ཚོའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།

    སྨན་གླིང་དུ་ཉི་མ་དང་འདྲ་བའི་མི་མང་པོ་ཡོད་པ་དང་ཁོང་ཚོས་ལས་ལ་བརྩོན་པའི་ལག་གཉིས་དང་དད་སེམས་བརྟན་པོའི་ངང་ཕྱོགས་གཅིག་གི་མི་ལ་བདེ་སྐྱིད་སྐྲུན་བཞིན་ཡོད།

    མི་རྣམས་ཀྱིས་རྒྱུན་དུ“ཕྱི་ནས་ཡོང་བའི་མི་དེ་སྡོད་ཡུན་ཐུང”ཞེས་བརྗོད་མོད། འོན་ཀྱང་ཧོ་པེ་ནས་ཡིན་པའི་ཁྲེན་ཀྲན་གྱི་ངོས་ནས་བརྗོད་ན“སྨན་གླིང་དུ“སྔོ་ཚལ་བཏབ་ནས”ལོ་17ཏག་ཏག་སོང་ཡོད།

    1999ལོར་ཁྲེན་ཀྲན་གཅིག་པུ་ཧོ་པེ་ཞིང་ཆེན་ཨན་ཧྲེ་ཐུའུ་ཅ་རིགས་རང་སྐྱོང་ཀྲོའུ་ནས་སྨན་གླིང་དུ་ཡོང་བ་དང་གཉེན་ཉེ་གཅིག་ཀྱང་མེད་པའི་ཁར་ལས་གཏོད་ཐད་ཕམ་ཉེས་བྱུང་བའི་གནས་ཚུལ་འོག་ཁོང་གིས་བློ་ཐག་ཆོད་པོས་མུ་མཐུད་ལས་གཏོད་བྱ་རྒྱུའི་གདམ་ག་བྱས།

    གནས་ཚུལ་དེའི་རྐྱེན་པས་ཁོང་ལོ་8ཏག་ཏག་ཕ་ཡུལ་དུ་ལོག་རྒྱུ་བྱུང་མེད།

    ལོ་བདུན་བརྒྱད་ཀྱི་འབད་བརྩོན་འོག་ཁྲེན་ཀྲན་གྱི་བྱ་གཞག་ལ་གྲུབ་འབྲས་ཕྲན་བུ་ཐོབ་པའི་སྐབས་དེར་བསམ་ཡུལ་ལས་འདས་པའི་གནས་ཚུལ་གཅིག་ཐོན་པ་སྟེ། ལས་བཟོས་སྔོ་ཚལ་ལ་ཞིང་སྨན་རྒྱག་སྐབས་ཞིང་སྨན་བརྒྱབ་ས་ནོར་ནས་དྲོད་ཁང་ཆེ་མོའི་ནང་གི་སྔོ་ཚལ་ཚང་མ་འཕྲོ་བརླག་བཏང་ཡོད། “གནས་ཚུལ་དེ་བསམ་བློ་འཁོར་སྐབས་ང་རང་སེམས་པ་སྐྱོ་གི་འདུག མུའུ་བཅུ་གྲངས་ཁ་ཤས་ཀྱི་སྔོ་ཚལ་ཚང་མ་འཕྲོ་བརླག་ཕྱིན་སོང”ཞེས་བརྗོད་པ་དང་གནས་ཚུལ་དེ་ཤོད་སྐབས་ཁྲེན་ཀྲན་གྱིས་ལས་འཛོལ་དེར་ད་དུང་ཡང་ཕངས་སེམས་ཆེན་པོ་བྱེད་ཀྱི་འདུག

    སྣ་སུན་དེ་ཕོག་རྗེས་ཁྲེན་ཀྲན་གྱིས་ལག་རྩལ་མཛུབ་ཁྲིད་བྱ་རྒྱུའི་ཐད་འབད་བརྩོན་ལྷོད་མེད་བྱས་ནས་ལོ་ལྟར་ལས་བཟོ་ཚོར་འདེབས་འཛུགས་དང་། ལུད་རྒྱག་པ། ཞིང་སྨན་རྒྱག་པ་སོགས་རེ་རེ་བཞིན་ཁྲིད་སྟོན་བྱས་ནས་ལས་འཛོལ་དེ་རིགས་མི་ཐོན་པའི་འགན་ལེན་བྱེད་ཀྱི་ཡོད།

    ལག་རྩལ་སྣ་གཅིག་ལ་མཁས་པ་དང་འབད་བརྩོན་ལྷོད་མེད་བྱས་པར་བརྟེན་ཁྲེན་ཀྲན་སྔོ་ཚལ་འདེབས་འཛུགས་ཀྱི་ལམ་བུའི་ཐོག་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་གྲུབ་འབྲས་ཆེན་པོ་ཐོབ་སྟེ་གཞི་ཁྱོན་ཆུང་བའི་འདེབས་འཛུགས་ནས་རིམ་བཞིན་མུའུ་500ལྷག་ཙམ་ཟིན་པའི་འདེབས་འཛུགས་རྟེན་གཞིའི་བར་འཕེལ་རྒྱས་བྱུང་ཡོད།

    ད་ཆ་ཁོང་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་བྱུང་བ་མ་ཟད། ད་དུང་སྨན་གླིང་དུ་གཞིས་ཆགས་པ་དང་དུས་མཚུངས་ས་ཆ་དེ་གའི་མང་ཚོགས་ལ་དངོས་ཡོད་ཀྱི་ཕན་པ་མང་པོ་བཏོད་ཡོད། ཞིང་བྲེལ་སྐབས་ཁོང་གིས་ཉེ་འགྲམ་གྱི་མི་གླས་པ་དང་ལོ་མཇུག་ཏུ་ས་ཞིང་མ་རྐང་ནང་བཞག་པ་ལྟར་མང་ཚོགས་ལ་ཁེ་སྤོགས་སྤྲོད་པ་མ་ཟད་ད་དུང་རང་ཉིད་ཀྱིས་ཤེས་པའི་ཞིང་ལས་ལག་རྩལ་སྦ་གསང་སྤུ་ཙམ་མེད་པའི་སྒོ་ནས་ཡུལ་མི་ཚོར་སློབ་ཀྱི་ཡོད། ཁྲེན་ཀྲན་གྱི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་གནས་སའི་དུད་ཚང་43ཡི་མི་158ཡོད་པའི་སྨན་གླིང་གྲོང་རྡལ་རབ་དགའ་གྲོང་ཚོས་ས་ཞིང་བརྒྱུད་བཤུག་དང་རྟེན་གཞིར་ལས་ཀ་བྱེད་མཁན་མི་རེར་ལོར་ཆ་སྙོམས་འབབ་འཕར་སྒོར་6090བྱུང་ཡོད།

    སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་བཏང་བ་བརྒྱུད་ཁྲེན་ཀྲན་ས་ཆ་དེ་གའི་མག་པར་གྱུར་པ་དང་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ལའང་གྱུར་ཡོད། ཁོང་གིས་དེ་སྔ་ཁོ་པར་རོགས་རམ་བྱེད་མྱོང་བའི་བོད་རིགས་སྤུན་ཟླ་མ་བརྗེད་པར་རང་ཉིད་ཀྱི་ཀུང་སིའི་མིང་ལ“བཀའ་དྲིན་ཆེ”ཞེས་བཏགས་ནས་རང་ཉིད་ཀྱིས་བཀའ་དྲིན་གྱི་བསམ་པ་བཅངས་ནས་གཞན་ལ་རོགས་རམ་བྱེད་དགོས་པའི་དྲན་སྐུལ་བྱེད་ཀྱི་ཡོད། སུང་པུའུ་ཁྲོན་གྱིས་ད་ཆ“བཀའ་དྲིན་ཆེ”ཀུང་སི་དེ་ཁྲེན་ཀྲན་གྱིས་རྒྱ་རིགས་དང་། བོད་རིགས། མོན་པ་རིགས། པའེ་རིགས། ཐུའུ་ཅ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཚོའི་སྣེ་ཁྲིད་དེ་ཞིང་ཁ་དང་མུ་ཁར་བསྐྱོད་ནས་ཕན་ཚུན་ལག་རྩལ་བསླབ་པ་དང་ཕན་ཚུན་ཞིང་ལས་བྱེད་རོགས་བྱེད་པའི་རྣམ་པ་གང་སར་མཐོང་རྒྱུ་ཡོད་པས་ཚང་མས་བསམ་བློ་གཏོང་བ་གཅིག་ལ་གཏོང་བ་དང་ཤུགས་རྒྱག་ས་གཅིག་ལ་བརྒྱབ་ནས་གོམ་ཞེང་ཆེན་པོས་ཐུན་མོང་ཐོག་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་བཞིན་ཡོད་ཅེས་གསུངས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།