[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆུ་ཆེན“ལེབ་གཏོང”ནས་གནད་སྨིན“ཐིགས་ཆུའི”དབར།

    —བོད་ཀྱིས་སེམས་ནུས་གཅིག་སྒྲིལ་གྱིས་དབུལ་པོའི་རྩ་བ་སྔོག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   འོད་ཟེར་ཚགས་པར་གྱི་གསར་འགོད་པ། ཉི་མ་རྡོ་རྗེ།    |    སྤེལ་དུས།   2017-08-09

    རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་ས་ཁུལ་དབུལ་པོ་འབའ་ཞིག་ཡིན་པའི་བོད་ཀྱིས་ད་ཕན་ལོ་ཤས་རིང་སྲིད་ཇུས་དབུལ་སྐྱོར་དང་། ཆེད་དོན་དབུལ་སྐྱོར། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་སོགས་དབུལ་སྐྱོར་བྱེད་ཐབས་རིམ་གྱིས་བཟོས་པ་དང་འབྲེལ་འཐུས་སྒོ་ཚང་དུ་བཏང་བ་མ་ཟད། དབུལ་སྐྱོར་བྱེད་ཐབས་གསར་གཏོད་ཧུར་ཐག་བྱས་ཏེ་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་སྤེལ་བར་བརྟེན་ཚད་ཡོད་ཀྱི་དབུལ་སྐྱོར་ཐོན་ཁུངས་རོགས་སྐྱོར་དང་རོགས་རམ་མཁོ་བའི་དུད་ཚང་དབུལ་པོའི་ཐོག་གནད་འཁེལ་གཅིག་སྡུད་ཐུབ་པ་བྱུང་ནས་ལོ་ལྔའི་ནང་རིམ་རྩིས་བྱས་ན་མི་གྲངས་ཁྲི་60ཙམ་དབུལ་སྒྲོལ་བྱུང་བ་དང་དབུལ་པོའི་མི་འབོར་32.95%བར་ཆག་ཡོད།

    ཡིག་ཚགས་དང་གཱ་བཟོས་ནས་གནད་སྨིན་དབུལ་སྐྱོར་བྱེད་པ།

    གནད་ལ་འཁེལ་བའི་སྒོ་ནས་དབུལ་པོའི་ཁ་གཏད་འཚོལ་རྒྱུ་དེ་ནི་གནད་སྨིན་དབུལ་སྐྱོར་གྱི་འགག་རྩ་ཡིན། དེ་སྔ་དབུལ་སྐྱོར་ཁ་གཏད་ཁག་གཅིག་གི་ཆ་འཕྲིན་ཁོང་དུ་ཡག་པོ་མི་ཆུད་པ་དང་དབུལ་སྐྱོར་མ་དངུལ་གང་བྱུང་དུ་སྤྱོད་པ་སོགས་ཀྱི་སྣང་ཚུལ་ཐག་གཅོད་བྱ་ཆེད། བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་གནད་སྨིན་དབུལ་སྐྱོར་གྱི་ལས་ཀའི་ལམ་སྲོལ་རིམ་གྱིས་བཙུགས་ནས་དུད་ཚང་དབུལ་པོར་ཡིག་ཚགས་དང་གཱ་བཟོས་པ་དང་འབྲེལ་དབུལ་པོ་ཆགས་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་ཚད་ཡོད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་མང་ཚོགས་དབུལ་པོའི་ཐོག་སྤྱོད་ཐུབ་པ་བྱས་ཡོད།

    “2014ལོར་སྲིད་གཞུང་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་70བཏང་ནས་གསོ་ཚགས་ཀྱི་གཞི་ཁྱོན་སྔར་བས་རྒྱ་ཆེར་བཏང་བ་དང་གནད་འཕིགས་ངོས་བཟུང་གི་རྨང་གཞིའི་ཐོག་ང་ཚོས་ཁྱིམ་ཚང་དབུལ་པོ་བདུན་ཅུར་རོགས་རམ་བྱེད་འགོ་ཚུགས་པ་ཡིན”ཞེས་དགའ་གྲོང་གྲོང་ཚོའི་བོད་བྱ་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་སྐལ་བཟང་ཚེ་རིང་གིས་དེ་ལྟར་བརྗོད་བྱུང་།

    ལྷ་ས་གྲོང་ཁྱེར་དབུལ་སྐྱོར་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་གིས་དབུལ་སྐྱོར་ཁ་གཏད་ཁ་གསལ་བྱུང་རྗེས“འཇོན་ཐང་ཅན”ནི་དབུལ་སྐྱོར་གྱི་གཙོ་ཤུགས་དམག་གི་གྲས་སུ་བརྩིས་ཏེ“སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་དུད་ཚང་དབུལ་པོ་གཞན་ཕྱུག་པོ་ཆགས་རྒྱུར་སྣེ་ཁྲིད”བྱེད་པའི་ལག་ལེན་འཚོལ་ཞིབ་བྱས་ཡོད། འཇོན་ཐང་ཅན་དེ་དག་ལ་ཉམས་མྱོང་དང་། ལག་རྩལ། ཚོང་གཉེར་གྱི་བསམ་བློ་བཅས་ཡོད་པས་དུད་ཚང་དབུལ་པོ་དབུལ་སྒྲོལ་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ལྡན་ཡོད། རོགས་སྐྱོར་བྱས་པ་བརྒྱུད་ཁོང་ཚོས་གཉེར་སྐྱོང་རྣམ་གྲངས་ཁག་གཅིག་གཉེར་སྐྱོང་ཐུབ་པ་བྱུང་བ་དང་། དབུལ་པོའི་རྩ་བ་སྔོག་རྒྱུར་ཡང་ཕན་འབྲས་མི་དམན་པ་ཞིག་ཐོན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་གྱི་ལས་དོན་སྤེལ་ནས་དབུལ་པོ་ཆགས་པའི་འགག་རྩའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་དང་འབྲེལ་དུད་ཚང་དབུལ་པོའི་འཚོ་བ་མགྱོགས་མྱུར་ལེགས་སུ་འགྲོ་ཐུབ་པ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གནང་བའི་གསུང་བཤད་ཀྱིས་བོད་ལ་དབུལ་སྐྱོར་གསར་སྤེལ་གྱི་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    ཐོན་ལས་དབུལ་སྐྱོར་ལས་དམངས་ལ་ཕན་པ་ཐོབ་པ།

    2020ལོར་མི་འབོར་དབུལ་པོ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཐུབ་ཆེད་བོད་ཀྱིས་ཆེད་དོན་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། བོད་སྐྱོར་དབུལ་སྐྱོར་བཅས“ཕྱོགས་ལྔ་གཞི་གཅིག”གི་དབུལ་སྐྱོར་བྱེད་ཐབས་བཟོས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་དབུལ་སྐྱོར་གསར་སྤེལ་གྱི་ཐབས་ལམ་འཚོལ་ཞིབ་བྱས་ཡོད།

    ཐོན་ལས་དབུལ་སྐྱོར་དེ་དབུལ་སྐྱོར་གསར་གཏོད་ཀྱི་བྱེད་ཐབས་གལ་ཆེན་དུ་བརྩིས་པར་བརྟེན་དབུལ་སྐྱོར་ལས་དོན་དེ་གཞན་རྟེན་གྱི་རྣམ་པ་ནས་རང་བརྟེན་གྱི་རྣམ་པའི་ཕྱོགས་སུ་སྒྱུར་ཐུབ་པ་བྱུང་བ་དང་འབྲེལ་མི་འབོར་དབུལ་པོ་རང་སྟོབས་རང་སྤེལ་ངང་ཕྱུག་འགྱུར་གྱི་ལམ་བུ་གསར་པར་སྐྱོད་རྒྱུར་སྣེ་ཁྲིད་ཐུབ་པ་བྱུང་བའི་ནང་ཁྱད་ལྡན་ཞིང་འབྲོག་མང་ཚོགས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་བོད་ཀྱི་ཐོན་ལས་དབུལ་སྐྱོར་གྱི་བྱེད་ཐབས་གལ་ཆེན་དུ་གྱུར་ཡོད།

    2016ལོར་ཐོན་ལས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་ཆེད་བོད་ཀྱིས་བསྡུ་སྒྲིལ་བྱས་པའི་སྒོར་དུང་ཕྱུར་40དེ་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་ཀྱི་མ་དངུལ་དུ་བྱས་ཏེ་ཉེན་ཁའི་ཁ་གསབ་ཐེབས་རྩ་སྒོར་དུང་ཕྱུར་12.78བཙུགས་པ་དང་ཁ་གཏད་བོད་སྐྱོར་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་བཅས་སྒོར་དུང་ཕྱུར་20བཏང་སྟེ་རྣམ་གྲངས་528ལག་བསྟར་བྱས་པས་མང་ཚོགས་དབུལ་པོ་ཁྲི་5.8དབུལ་སྒྲོལ་ཐུབ་པ་བྱུང་ཡོད།

    ཐོན་ཁུངས་གཅིག་སྡུད་བྱས་ཏེ་ཆེས་དབུལ་ཤོས་ཀྱི་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐག་གཅོད་བྱས་པ།

    བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་ཀྱིས་གོམ་སྟབས་རྗེས་མར་ཤིན་ཏུ་དབུལ་པོའི་ས་ཁུལ་དང་ཤིན་ཏུ་དབུལ་པོའི་མི་འབོར་ལ་སླར་ཡང་ཞིབ་ཕྲ་དང་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ཤིན་ཏུ་དབུལ་པོའི་མི་འབོར་གྱི་ཁ་གྲངས་རྦད་དེ་མཐིལ་རྟོགས་བྱ་རྒྱུ་དང་2017ལོ་ནས་བཟུང་མ་དངུལ་དང་རྣམ་གྲངས་ཤིན་ཏུ་དབུལ་པོའི་ས་ཁུལ་དང་། གྲོང་ཚོ་དབུལ་པོ། མང་ཚོགས་དབུལ་པོ་བཅས་སུ་གཏོང་རྒྱུ་ཡིན་ཞེས་གསུངས་བྱུང་།

    “ཕྱུག་པོ་ཆགས་བསམ་ན་སྔོན་ལ་ལམ་བཟོ་དགོས”ཞེས་པ་ལྟར་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དེ་ནི་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ཁྲོད་ཀྱི་ཞན་ཆ་རེད། 2017ལོར་བོད་ཀྱིས་འགྲིམ་འགྲུལ་རྣམ་གྲངས་གྲོང་ཚོ་དང་དུད་ཚང་དུ་ཕྱོགས་ཏེ“མཐའ་མའི་འགག་གནད”ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཆུ་བེད་ལས་གྲྭའི་རྣམ་གྲངས་གྲོང་ཚོ་དབུལ་པོ་དང་ཞིང་འབྲོག་ལས་ཐོན་སྐྱེད་ཆུང་གྲས་ལ་ཕྱོགས་དགོས་པ། ཤིན་ཏུ་དབུལ་པོའི་ས་ཁུལ་དུ་གློག་དྲ་ཤར་གཏོང་ཐུབ་པ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་ཡོད།

    གཞན་བརྟེན་ནས་རང་བརྟེན་བར་དང་གནད་སྨིན་དབུལ་སྐྱོར་བར་བོད་ཀྱིས་གནད་སྨིན་དབུལ་སྐྱོར་གྱི་ལམ་བུའི་ཐོག་གོམ་ཞེང་ཆེན་པོས་བསྐྱོད་ཅིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་ད་ཡོད་ཀྱི་རྫོང་དབུལ་པོ་74ཡི་དབུལ་ཞྭ་འབུད་རྒྱུ་དང་དབུལ་པོའི་གྲངས་འབོར་ཆག་ཚད་5%ཡི་དམིགས་ཚད་མངོན་འགྱུར་བྱ་རྒྱུར་གཞོལ་ཏེ་2020ལོར་སླེབས་སྐབས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་རྒྱུ་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།