[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “སྡོད་ཁང་གསར་པ་ཡོད་པས་ཧ་ཅང་དགའ”

    —— ཉིང་ཁྲི་གྲོང་ཁྱེར་གྱི་དུས་གཏན་གནད་སྨིན་དབུལ་སྐྱོར་གྱི་གཉིས་གཏོད་གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཁང་འདེམས་འདུ་ཚོགས་ཀྱི་མཐོང་ཐོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-11-11

    ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་གྱི་དུས་གཏན་གནད་སྨིན་དབུལ་སྐྱོར་གྱི་གཉིས་གཏོད་གཅིག་སྡུད་དཔེ་སྟོན་རྟེན་གཞིའི་ཁང་འདེམས་འདུ་ཚོགས་ཀྱི་ས་གནས་ས་ཐོག་ཏུ་ཞོགས་པའི་ཆུ་ཚོད་8པར་རུ་སྒྲིག་པར་སླེབས་པའི་རྫ་ཡུལ་རྫོང་ཚ་བ་རོང་ཤང་སྐེད་རི་གྲོང་ཚོའི་ཡུལ་མི་སྐལ་བཟང་གཡུ་སྒྲོན་ཧ་ཅང་དགའ་པོ་བྱུང་ཡོད།

    དེ་གོང་སྐལ་བཟང་གཡུ་སྒྲོན་དང་། གཅུང་མོ་དེ་བཞིན་ཕ་མ་བཅས་ནང་མི་བཞི་པོ་རྒྱ་མོ་རྔུལ་ཆུའི་འགྲམ་གྱི་རི་སྐེད་དུ་སྡོད་པ་དང་གནམ་ཆུར་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། ལོ་གཉིས་གོང་ཁོ་མོ་ཉིང་ཁྲི་གྲོང་ཁྱེར་དུ་གླ་པར་བསྐྱོད་ནས་བཟའ་བཏུང་ལས་རིགས་ཀྱི་ལག་རྩལ་སྦྱངས། “ཕ་མ་གཉིས་པོ་གྲོང་ཁྱེར་དུ་བསུས་ཏེ་འབྱུང་འགྱུར་ཡོང་འབབ་བསགས་ནས་ཟ་ཁང་ཞིག་འཛུགས་ཐུབ་ན་ང་ཚོ་ཁྱིམ་མི་ཚོའི་འཚོ་བ་ཇེ་ཡག་ཏུ་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་སྐལ་བཟང་གཡུ་སྒྲོན་གྱིས་མ་འོངས་པའི་འཚོ་བར་རེ་བས་ཁེངས་བཞིན་བརྗོད།

    སྐལ་བཟང་གཡུ་སྒྲོན་དང་འདྲ་བར་ཁང་པ་གསར་པ་དང་འཚོ་བ་གསར་པར་རེ་སྒུག་ཚད་མེད་བྱེད་བཞིན་པ་ཉིང་ཁྲི་གྲོང་ཁྱེར་གྱི་རྫོང་6དང་ཆུས་1གི་དུད་ཚང་དབུལ་པོ་དང་དབུལ་པོའི་མཐའ་ཚད་ལ་སླེབས་པའི་དཀའ་ངལ་ཡོད་པའི་མང་ཚོགས་200ལྷག་ཙམ་ཡོད་པ་དེ་དག་གིས་རུ་སྟར་བསྒྲིགས་ནས་རང་ཉིད་ཀྱི་མིང་འདོན་རྒྱུ་བསྒུགས་ནས་བསྡད་ཡོད།

    སྣང་རྫོང་གི་དུད་ཚང་དབུལ་པོ་བཀྲ་ཤིས་དོན་གྲུབ་ཀྱིས་ཀྱང་པ་ཕའི་མངགས་བཅོལ་ཇི་བཞིན་རུ་བསྒྲིགས་ནས་རྒྱན་བསྒུགས་ནས་བསྡད་ཡོད། ཁོང་རང་ཉིད་ཉིང་ཁྲིར་ཁ་ལོ་བ་བྱེད་བཞིན་ཡོད། དེ་སྔ་ཁྱིམ་ནས་གཅུང་པོ་སློབ་གྲྭར་བསྐྱོད་པ་དང་ཕ་མ་གཉིས་པོ་ལོ་ན་མཐོ་ཁར་ནད་གཞི་མང་བ་དང་ངལ་རྩོལ་ནུས་ཤུགས་མེད་རྐྱེན་དབུལ་པོར་གྱུར་ཡོད། དེས་ན་རྒྱལ་ཁབ་ཀྱིས་རང་ཉིད་དང་འདྲ་བའི་དབུལ་པོའི་མཐའ་ཚད་ལ་སླེབས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཚོར་གནས་སྤོས་དབུལ་སྐྱོར་གྱི་སྲིད་ཇུས་ཡོད་པ་ཤེས་འཕྲལ་བཀྲ་ཤིས་དོན་གྲུབ་ཀྱིས་འཕྲལ་མ་ཉིད་དུ་མིང་ཐོ་བཀོད་ཡོད། རང་ཉིད་ཀྱི་མིང་འདོན་གྲབས་སྐབས་སུ་ཁོང་གིས་ལག་གཉིས་འཕུར་འཕུར་གཏོང་བཞིན་དུ“ཆེ་ཆུང་ལ་མ་བལྟོས་པའི་ཁང་པ་ཞིག་རག་པའི་རེ་བ་བྱེད་བཞིན་ཡོད། གལ་འགངས་ཆེ་ཤོས་ནི་ཕ་མ་གཉིས་པོ་གྲོང་ཁྱེར་དུ་བསུ་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད་བྱུང་།

    “བགྲེས་སོང་ལགས། ཁྱེད་ལ་རག་པའི་ཁང་པའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་91ཡོད་པ་དང་སྟར་པ་བཅུ་གསུམ་པའི་རྒྱལ་སྒོ་6པ་རེད་འདུག”ཅེས་ལས་དོན་པས་རང་ཉིད་ཀྱིས་འཐེན་པའི་ཁང་པའི་ཨང་གྲངས་བརྗོད་རྗེས་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་གླེ་གྲོང་ཚོའི་ཡུལ་མི་ཤི་ལོག་ཚེ་རིང་གིས་བསྟུད་མར“ཐུགས་རྗེ་ཆེ”ཞེས་ཞུས་པ་རེད། “འདི་ལོ་སྲིད་གཞུང་གིས་ང་ཚོ་དུད་ཚང་དབུལ་པོར་ཁང་པ་ཡག་པོ་འདི་འདྲ་གནང་ནས་ང་ཚོ་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་པར་ཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ང་ཚོས་སྒུག་རྟེན་སློང་གསུམ་གྱི་བསམ་བློ་མཐའ་གཅིག་ཏུ་དོར་ནས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་རྒྱུ་ཡིན”ཞེས་ཤི་ལོག་ཚེ་རིང་གིས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།