[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བདེ་སྐྱིད་ཀྱི་རྩ་བ་བརྟན་པོར་སྲུང་།

    — ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་བྱ་གཞག་འཕེལ་རྒྱས་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2017-12-06

    2015ལོར་ལྷ་ས་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་ཁག་དང་པོའི་སྤྱི་ཚོགས་འགན་བཅོལ་ཚད་ལྡན་ཅན་གཏོད་འཛུགས་ཀྱི“སྔོན་སྐྱོད་གྲོང་ཁྱེར”གྱི་ཆོག་མཆན་ཐོབ་པ་དེ་ཡང་ལྗོངས་ཡོངས་སུ་ཆོག་མཆན་ཐོབ་མཁན་གྲོང་ཁྱེར་འབའ་ཞིག་ཀྱང་རེད། “མང་ཚོགས་ཀྱི་ལས་རིམ་གཉེར་ཐེངས་ཉུང་དུ་གཏོང་རྒྱུ”དེ་ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱིས་རང་ལ་གནོན་ཤུགས་སྤྲད་པ་དང་། ཁྱད་འཕགས་དོན་གཉེར་བྱེད་པ། ཕན་འབྲས་མཐོ་བའི་ཞབས་འདེགས་ཞུ་བ་བཅས་ཀྱི་དངོས་མཚོན་ཞིག་རེད། རྒྱལ་ཡོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་བློ་ཡིད་ཚིམ་ཚད་ཚོད་བསྡུར་བྱེད་པའི་ནང་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་གྱི་བློ་ཡིད་ཚིམ་ཚད་ལོ་4བསྟུད་མར(2012ལོ་ནས་2015ལོ་བར)རྒྱལ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོ་38ཀྱི་ཨང་དང་པོར་སླེབས་ཡོད་པ་རེད།

    འགན་བཅོལ་ནང་ཞུགས་མཁན་མི་གྲངས་མགྱོགས་མྱུར་འཕར་ནས་སྤྱི་ཚོགས་འགན་བཅོལ་གྱི་ཁྱབ་རྒྱ་མུ་མཐུད་ཆེ་རུ་ཕྱིན་པ།

    ལྷ་ས་གྲོང་ཁྱེར་གྱིས་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་གྱི་ལམ་ལུགས་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་སྤྱི་ཚོགས་འགན་བཅོལ་དེ་ལམ་ལུགས་ཁྱོན་ཡོངས་ལ་ཁྱབ་པ་ནས་མི་སྣ་ཁྱོན་ཡོངས་ལ་ཁྱབ་པའི་བར་མངོན་འགྱུར་བྱུང་བ་དང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་སྤྱི་ཚོགས་འགན་ལེན་གཱ་ཡི་ཆ་འཕྲིན་འཚོལ་བསྡུ་བྱས་པས་སྤྱི་ཚོགས་འགན་བཅོལ་དེ་ཁྲིམས་གཏན་འཁེལ་བའི་མི་སྣ་ཁྱོན་ཡོངས་ལ་ཁྱབ་རྒྱུ་སྤྱིར་ན་མངོན་འགྱུར་བྱུང་ཡོད། ལས་བཟོའི་རྒན་གསོ་འགན་བཅོལ་དེ་ལས་བཟོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་ཁེ་ལས་ཀྱི་ཕན་འབྲས་དང་འབྲེལ་བ་དམ་ཟབ་ཡོད་པར་དམིགས་ནས་སྤྱི་ཚོགས་འགན་བཅོལ་སྡེ་ཚན་གྱིས་ལས་བཟོའི་རྒན་གསོ་འགན་བཅོལ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁེ་ལས་སུ་སྐྱོད་ནས་དྲིལ་བསྒྲགས་བྱེད་པ་དང་། ཁྲོམ་གཞུང་དུ་སྐྱོད་ནས་དྲིལ་བསྒྲགས་བྱེད་པ། དྲིལ་བསྒྲགས་ཤོག་ལྷེ་སྤྲོད་པ་བཅས་བྱས་ཏེ་ཁེ་ལས་དོ་དམ་བྱེད་མཁན་སྐོང་བསྡུ་བྱས་ནས་སྤྱི་ཚོགས་འགན་བཅོལ་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཁེ་ལས་ལ་སྤྱི་ཚོགས་འགན་བཅོལ་ནང་ཞུགས་པའི་ཕན་པ་འགྲེལ་བཤད་བརྒྱབ་པ་དང་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་རྒྱུར་སྐུལ་ལྕག་བྱས་ཏེ་ལས་བཟོས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་ཤེས་སུ་བཅུག་པས་ལས་བཟོའི་རྒན་གསོ་འགན་བཅོལ་གྱི་ཁྱབ་རྒྱ་ཆེ་རུ་ཕྱིན་པ་དང་དམངས་ཕན་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱུང་བ་རེད།

    མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་ནང་ཞུགས་མཁན་མི་ཐེངས་ཁྲི་53.56ལྷག་ཙམ་ཟིན་པ་དེའི་ནང་ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་2.9དང་ཁེ་ལས་ཀྱི་ལས་བཟོའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་4.16ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ནང་ཞུགས་དགོས་པའི་མི་གྲངས་ཁྲི་21.89ཡོད་པ་དང་འགན་བཅོལ་ནང་ཁྲི་21.85ལྷག་ཙམ་ཞུགས་པས་འགན་བཅོལ་ནང་ཞུགས་ཚད་99.8%ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་4.69དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་7.06 ལས་བཟོའི་བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་4.56ལྷག་ཙམ་བཅས་ཟིན་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་2.23ལྷག་ཙམ་ཟིན་པ། ལས་རྨས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི་6.07ལྷག་ཙམ་ཟིན་ཡོད་པ་རེད།

    “ཞན་ཆ”གསབ་ནས་ཞབས་ཞུ་ཚད་ལྡན་དུ་བཏང་བས་ཞབས་ཞུ་སྒྲུབ་པའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ།

    གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་རྒན་གསོ་འགན་བཅོལ་གྱི་ལས་དོན་སྤེལ་བའི་ཁྲོད་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ཐད་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་འགན་བཅོལ་གྱི་ལས་དོན་མི་སྣ་ཡོངས་ལ་འགན་འཁྲི་འདྲི་རྩད་བྱེད་པའི་ལམ་ལུགས་དང་ཐེངས་གཅིག་རང་བཞིན་གྱི་ལན་སྤྲོད་ལམ་ལུགས་ལག་བསྟར་བྱས་ནས་ལས་དོན་སྒྲུབ་རིམ་ཡོངས་བསྒྲགས་དང་། ལས་སྒྲུབ་ཀྱི་གཞི་འཛིན་ས་ཡོངས་བསྒྲགས། ལས་སྒྲུབ་འབྲས་བུ་ཡོངས་བསྒྲགས་བཅས་བྱས་ཡོད། ཞབས་ཞུ་བྱེད་སྐབས་ཐོབ་ཐང་གསལ་པོ་དང་། ཁས་ལེན་གསལ་པོ། ཚད་གཞི་གསལ་པོ་བཅས་ཡོང་བ་བྱས་ནས་ལས་སྒྲུབ་བྱེད་མཁན་མང་ཚོགས་ཀྱིས་ལས་དོན་སྒྲུབ་ཐེངས་གཅིག་ཉུང་དུ་གཏོང་བ་དང་། བང་སྒྲིག་ཐེངས་གཅིག་ཉུང་དུ་གཏོང་བ། སྐར་མ་གཅིག་སྒུག་ཉུང་དུ་གཏོང་བ་བཅས་བྱས་ཡོད། རྒན་གསོའི་མ་དངུལ་དུས་ཐོག་ཏུ་གནད་ལ་འཁྱོལ་རྒྱུ་འགན་ལེན་བྱ་ཆེད། ནོར་སྲིད་དང་དངུལ་ཁང་སོགས་སྡེ་ཚན་དང་འབྲེལ་གཏུག་ལམ་སྲོལ་དང་ཆ་འཕྲིན་མཉམ་སྤྱོད་ལམ་སྲོལ་ཧུར་ཐག་བཙུགས་པ་དང་དངུལ་ཁང་གི་ཚབ་སྤྲོད་བྱེད་སྟངས་སྤྱད་དེ་དུས་ཐོག་ཏུ་རྩིས་ཁྲ་བསྡུར་བ་དང་ཟླ་རེ་བཞིན་རྒན་གསོའི་མ་དངུལ་ཐོབ་ཐང་ལྡན་པའི་མི་སྣའི་དངུལ་ཁང་རྩིས་ཁྲའི་ནང་གནད་ལ་འཁེལ་པོས་བླུགས་ནས་སྤྱི་ཚོགས་ཅན་གྱི་སྤྲོད་ཚད་100%ཟིན་པ་དང་ཆབས་ཅིག་རྒན་གསོའི་མ་དངུལ་གྱི་ཐོབ་ཐང་ལེགས་སྒྲིག་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་ཏེ་ཐོབ་ཐང་ལྡན་མཁན་ཚང་མར་རྒན་གསོའི་མ་དངུལ་གྱི་ཐོབ་ཐང་ཚད་གཞི་ཡང་དག་ངང་རྩིས་རྒྱག་པ་དང་ཐོབ་ཐང་ལེགས་སྒྲིག་ཇུས་གཞི་དོན་འཁྱོལ་བྱས་ཏེ་ཐོབ་ཐང་ལྡན་མཁན་ཚང་མར་རྒན་གསོའི་མ་དངུལ་ཟླ་རེ་བཞིན་དུས་ཐོག་ཏུ་ཡང་དག་ངང་ལེན་ཐུབ་པའི་འགན་ལེན་བྱས་ཡོད། “ཆེད་འཇོག་རྩིས་ཁུངས་ནང་གསོག་འཇོག་བྱེད་པ་དང་ཆེད་དངུལ་ཆེད་སྤྱོད”ཀྱི་རྩ་དོན་ནན་པོར་གཞིགས་ནས་སྤྱི་ཚོགས་འགན་བཅོལ་མ་དངུལ“གཏོང་ལེན་ལམ་ཐིག་གཉིས”ཀྱི་དོ་དམ་ལག་བསྟར་བྱས་པས་ཐེབས་རྩའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཐེབས་རྩ་བདེ་འཇགས་ངང་འཁོར་སྐྱོད་ཐུབ་པ་བྱུང་ཡོད།

    སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཆ་མང་དུ་ཕྱིན་པས་མང་ཚོགས་ཀྱི“ཐོབ་ཚོར”མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་པ།

    འདི་ལོ་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གི་བཀྲ་ཤིས་གཡང་འཛོམས་ལ་ཕྲུ་གུ་གཉིས་པ་སྐྱེས་པ་རེད། ཁོང་ལ་བྱུང་བའི་བག་ཆགས་ཟབ་ཤོས་ནི་ཕྲུ་གུ་དང་པོ་སྐྱེ་སྐབས་སྨན་ཁང་དུ་བསྡད་ནས་ཕྲུ་གུ་སྐྱེ་རྒྱུ་གདམ་ག་བྱས། སྐབས་དེར་ཕྲུ་གུ་སྐྱེ་ཁག་པོ་བྱུང་བ་དང་སྨན་པའི་ནུས་ཤུགས་ཡོད་རྒུའི་རོགས་རམ་འོག་ཨ་མ་དང་བུ་མོ་གཉིས་ཀ་བདེ་ཐང་བྱུང་བ་མ་ཟད་བུ་བཙའི་སྨན་བཅོས་འགྲོ་གྲོན་ཡང་100%རྩིས་ཞུ་ཐུབ་ཡོད་པ་རེད། ཨ་མ་དང་བུ་མོ་གཉིས་ཀྱི་བདེ་ཐང་འགན་ལེན་བྱ་ཆེད། ཏང་དང་སྲིད་གཞུང་གིས་ལག་བསྟར་བྱས་པའི་གཟིགས་སྐྱོང་བྱ་ཐབས་རབ་དང་རིམ་པས་ཁོང་ལ་ཕན་པ་མང་པོ་ཐོབ་ཡོད། འོན་ཀྱང་ཁོང་གིས་བརྗེད་དཀའ་བ་ཞིག་ནི་བཟའ་ཟླ་ན་ནིང་ཕྱི་ལ་ལས་མི་བྱེད་པར་སྐྱོད་པ་དང་ལས་ཡུལ་ཐོག་གློ་བུར་དུ་རྨས་སྐྱོན་ཚབས་ཆེན་ཕོག་པས་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་རྗེས་སྨན་ཁང་དུ་སྡོད་པའི་འགྲོ་གྲོན་སྔོན་ལ་སྤྲོད་དགོས་མེད་ལ་ད་དུང་སྨན་བཅོས་ཡག་པོ་བྱུང་བ་དང་སྨན་ཁང་ནས་འདོན་སྐབས་སྨན་བཅོས་འགན་བཅོལ་རྩིས་ཞུ་བྱས་རྗེས་རང་ཉིད་ཀྱིས་སྨན་ཡོན་མང་པོ་གཏོང་དགོས་བྱུང་མེད་པ་དེ་རེད། ཁོང་གིས“ད་ལྟའི་སྲིད་ཇུས་དངོས་འབྲེལ་ཡག་པོ་འདུག དེ་རྣམས་སྔོན་མ་བསམ་བློར་ཡང་འཁོར་མྱོང་མེད། ད་ལྟ་བཟའ་ཟླ་ཕྱིར་ལས་མི་བྱེད་པར་སྐྱོད་པས་སྦྱིན་བདག་གིས་ཀྱང་ཁོང་ལ་འགན་བཅོལ་ཉོས་འདུག་པས་སེམས་པ་ལྷོད་ལ་བབས་སོང”ཞེས་བཤད།

    སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱེད་མཁན་བཀྲ་ཤིས་གཡང་འཛོམས་ཀྱི་ཁྱིམ་ཚང་ནི་ལྷ་ས་གྲོང་ཁྱེར་དུ་སྲིད་ཇུས་ཀྱི་ཕན་པ་ལོངས་སུ་སྤྱོད་མཁན་ཁྱིམ་ཚང་ཁྲི་སྟོང་མང་པོའི་ནང་གི་གྲས་ཤིག་རེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོ་དང་། སྨན་བཅོས། ལས་ཤོར། ལས་རྨས། བུ་བཙའ་སོགས་སྤྱི་ཚོགས་འགན་བཅོལ་ལམ་ལུགས་བཙུགས་པས་སྤྱི་ཚོགས་འགན་ལེན་དེ་སྲིད་ཇུས་ཐད་དམངས་ཡོངས་ལ་ཁྱབ་ཐུབ་པ་བྱུང་བ་དང་། ལོ་མང་རིང་མུ་མཐུད་ལེགས་སྒྲིག་བྱས་པ་བརྒྱུད་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གི་ཆུ་ཚད་ཁག་བརྟན་པོའི་ངང་མཐོ་རུ་ཕྱིན་ནས་སྤྱི་ཚོགས་འགན་བཅོལ་གྱི་ཚད་གཞི་ཁག་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།