[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “དུས་ཆེན་གཉིས”འཆར་ཉེའི་སྐབས་སུ་ལྷ་སའི་ཁྲོམ་གཟིགས་སྒང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གྲོང་མིར་ལོ་གསར་མཁོ་ཆས་ཉོ་བར་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2018-02-05

    ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་སྐབས་སུ་ལྷ་སའི་ཁྲོམ་གཞུང་གི་ཁྲོམ་ར་ཁག་ཧ་ཅང་འཁྲུག་ཆ་དོད་ཅིང་ལོ་གསར་གྱི་རྣམ་པས་ཁེངས། ཚོང་ཁང་ཁག་གིས་དུས་ཆེན་གྱི་ཉེར་མཁོའི་དངོས་རྫས་མངོན་གསལ་དོད་སར་སྒྲིག་གཤོམ་བྱས་ཏེ་འཛད་སྤྱོད་པའི་དགོས་མཁོ་སྐོང་གི་ཡོད་པ་རེད། ལྷ་སའི་ཉེ་འཁོར་གྱི་གྲོང་མི་ལ་ལ་རླངས་འཁོར་ལ་བསྡད་དེ་ཁྲོམ་གཟིགས་སྒང་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་ཡོང་གི་ཡོད།

    དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ། ལོ་གསར་སྐྱིད་པོ་གཏོང་ཆེད། ལྷ་སའི་གྲོང་མི་ཚོས་སྔ་ས་ནས་དུས་ཆེན་གྱི་མཁོ་ཆས་གྲ་སྒྲིག་བྱེད་འགོ་ཚུགས་པ་དང་ཚོང་པ་ཚོས་ཀྱང་དར་ཤིང་དང་། རྩེ་གྲོ ཕྱེ་མར་འབོ། ཤམ་བུ་སོགས་ཁྲོམ་རར་བཏོན་ཡོད་པ་དང་། གྲོང་མི་ཚོས་ཁྲོམ་གཟིགས་སྒང་ནས་རང་ཉིད་ལ་མཁོ་བའི་ལོ་གསར་མཁོ་ཆས་ཉོ་བཞིན་མཆིས།

    ཉེ་ཆར། ཆུ་ཤུར་རྫོང་རྟ་དཀར་ཤང་གི་གྲོང་མི་ཟླ་སྒྲོན་ཆུ་ཤུར་རྫོང་ནས་ལྷ་སར་རླངས་འཁོར་ལ་བསྡད་དེ་ཁྲོམ་གཟིགས་སྒང་དུ་ལོ་གསར་གྱི་མཁོ་ཆས་ཉོ་བར་སླེབས་ཡོད་པ་རེད། དེ་ཉིན་གསར་འགོད་པར་ཁྲོམ་གཟིགས་སྒང་གི་ཤིང་ཕོར་ཚོང་ཁང་ཞིག་ནས་ཟླ་སྒྲོན་ཕྲད་ཅིང་། “སྦྱིན་བདག་ལགས། ཤིང་ཕོར་དཀྱུས་མ་འདིར་དངུལ་ག་ཚོད་རེད་དམ། དངུལ་རྒྱན་བརྒྱབ་པའི་ཤིང་ཕོར་འདིར་དངུལ་ག་ཚོད་རེད་དམ”ཞེས་ལག་པ་རེ་ལ་ཤིང་ཕོར་རེ་ཁྱེར་ནས་རིན་གོང་སྐད་ཆ་དྲིས། ཟླ་སྒྲོན་གྱིས་གསར་འགོད་པར“ཁྱིམ་གྱི་རྒན་རྒོན་ལ་ཤིང་ཕོར་གཅིག་ཉོ་དགོས་བསམས་བྱུང་། ཡིན་ནའང་ཤིང་ཕོར་ལ་སེར་ཀ་ཡོད་མེད་ལྟ་བ་ལས་ཕོར་པ་ཡག་ཉེས་འདེམས་ཤེས་ཀྱི་མེད”ཅེས་བཤད་བྱུང་།

    ཤིང་ཕོར་འཚོང་མཁན་སྦྱིན་བདག་གིས་གསར་འགོད་པར“ལོ་ལྟར་བོད་ཀྱི་ལོ་གསར་རིང་ལ་གྲོང་མི་མང་པོ་ཞིག་གིས་ཤིང་ཕོར་ཉོས་ནས་རྒན་རྒོན་ལ་ལག་རྟགས་སྤྲོད་ཀྱི་ཡོད། ཤིང་ཕོར་ལུས་པོར་འཁྱེར་བདེ་མ་ཟད་དེའི་ནང་ལྟོ་བཟས་ན་གཟུགས་པོར་གནོད་པ་གང་ཡང་མེད། ཤིང་ཕོར་གྱི་གོང་ཚད་ཀྱང་སྒོར་100ནས་1000བྱས་པ་སྣ་ཚོགས་ཡོད”ཅེས་བཤད།

    བློ་ལ་བབས་པའི་ཤིང་ཕོར་ཉོས་རྗེས་ཟླ་སྒྲོན་ཁྲོམ་གཟིགས་སྒང་དུ་ཅ་ལག་ཉོ་བར་བསྐྱོད། ཚོང་ཁང་དུ་མི་ཚོགས་ཀྱིས་ཁེངས་ལ་ཚོང་ཟོག་གང་དགོས་ཡོད་ཅིང་། ཟླ་སྒྲོན་གྱིས“ལྷ་སར་ད་ཆ་ཚོང་ཁང་གསར་པ་མང་པོ་ཡོད་ཀྱང་ཁྲོམ་གཟིགས་སྒང་དང་འདྲ་བར་ཅ་ལག་སྣ་ཁ་འཛོམས་པོ་མེད། ཅ་ལག་ཉོ་མཁན་ཡང་ལོ་རེ་བཞིན་མང་དུ་འགྲོ་ཡི་འདུག”ཅེས་བརྗོད་བྱུང་། ཟླ་སྒྲོན་གྱིས་ཐོག་སོ་དང་པོའི་བྱི་རིལ་འཚོང་ས་དང་མར་འཚོང་ས་ནས་ཐོག་སོ་གཉིས་པའི་གྱོན་ཆས་འཚོང་སར་བསྐྱོད་པ་དང་། ཡང་ཐོག་སོ་གསུམ་པའི་མཛེས་རྒྱན་འཚོང་སར་བསྐྱོད་དེ་ལོ་གསར་ལ་མཁོ་བའི་ཅ་དངོས་ཆ་ཚང་ཉོས།

    ལོ་གསར་འཆར་ཉེའི་སྐབས་སུ་ཁྲོམ་གཟིགས་སྒང་དུ་འགྲོ་མཁན་ཇེ་མང་དུ་འགྲོ་ཞིང་། གསར་འགོད་པས་ཚོང་ཁང་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པར། མིག་སྔར་ཁྲོམ་གཟིགས་སྒང་དུ་ཉིན་ལྟར་ཅ་དངོས་ཉོ་བར་ཡོང་མཁན་མི་ཁྲི་གཅིག་ཡན་ཟིན་པ་དང་ད་དུང་མི་མང་དུ་འགྲོ་གི་རེད་ཅེས་བརྗོད། མེ་སྐྱོན་སྔོན་འགོག་ཆེད། ཚོང་ཁང་གི་ཐོག་སོ་གཉིས་པར་མེ་ཟོན་སྒྲིག་ཆས་16བསྒར་ཡོད། ཐོག་སོ་ཚང་མར་བདེ་སྲུང་མི་སྣས་དུས་ངེས་མེད་ལ་སྐོར་གཡེང་བྱེད་པ་དང་ཚོང་ཁང་གཙང་མ་ཡོང་ཆེད་གད་པ་བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་གྲོང་མི་རྣམས་གཙང་ལ་བདེ་འཇགས་ཁྲོད་ཅ་ལག་ཉོ་ཐུབ་པ་བྱས་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།