[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དབང་པོ་ཡན་ལག་གུད་གྱུར་ཀྱང་། ལས་དབང་བཙན་པོར་མགོ་མི་སྒུར།

    —— མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚན་སྙན་ནང་འཁོད་པའི་བོད་ཀྱི་བུད་མེད་ཞིང་པ་ཚེ་རིང་འཛོམས་པས་རང་ཁྱིམ་གྱི་འཕོ་འགྱུར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ། དཔལ་མཆོག ནོར་དཀྱིལ་བུ་ཆུང་རྒྱལ། བཀྲ་ཤིས། རྣམ་གླིང་རིན་ཆེན། ཚེ་སྒྲོན།    |    སྤེལ་དུས།   2018-05-14

    ལེ་ཚན་བཏོད་པའི་གཏམ།

    འདི་ལོ་ནི་རང་རྒྱལ་དུ་སྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40འཁོར་བའི་ལོ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་འཛུགས་ཀྱི་ལོ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བའི་ལོ་རེད། ལོ་40ཡི་རིང་། ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རྒྱལ་ཡོངས་མི་དམངས་དང་སྤུན་ཟླའི་ཞིང་ཆེན་གྱི་སྒེར་སེམས་མེད་པའི་རོགས་སྐྱོར། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འབད་བརྩོན་ལྷོད་མེད་འོག བོད་ཀྱི་བྱ་གཞག་ཁག་ལ་དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད། ལྷག་པར་དུ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་དུ་ཏང་གི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱུང་བས། རང་ལྗོངས་ཀྱི་ས་གནས་ཁག་གི་མང་ཚོགས་རྣམས་རང་རང་གི་འབད་འཐབ་དང་གནད་སྨིན་དབུལ་སྒྲོལ་སྲིད་ཇུས་ཟུང་དུ་འབྲེལ་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྗིད་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བར་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད། 

    དུས་བབ་བཟང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་དབྱར་མཚོ་རྒྱས་པ་ལྟར་འཆར་བའི་དུས་བཟང་འདིར། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་ལྟེ་གནས་ཀྱིས་གསར་འགོད་པ་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དུ་ཟབ་སྐྱོད་བྱས་ཐོག སྒྱུར་བཅོས་སྒོ་འབྱེད་བྱས་ཚུན་གྱི་ལོ་40རིང་གི་རང་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་དང་། མི་སེམས་འགུལ་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་གཏམ་རྒྱུད་སོགས་བཅར་འདྲི་བྱས་ཏེ།དེ་རིང་ནས་བཟུང“བདག་ཁྱིམ་གྱི་ལོ་ངོ་40”བརྗོད་བྱ་གཙོ་བོར་བྱས་པའི“བོད་ཡིག་སྨྱན་སྦྱོར་གྱི་གསར་འགོད་པ་གཞི་རིམ་དུ་བསྐྱོད”ཅེས་པའི་མུ་འབྲེལ་གསར་འགྱུར་འགོད་རྒྱུ་ཡིན་པས། རྒྱ་ཆེའི་ཀློག་པ་པོ་རྣམ་པས་དོ་ཁུར་དང་དགྱེས་གཟིགས་ཡོད་པ་ཞུ།


    པར་འདི་གསུམ་ནི་ཨ་ཅག་ཚེ་རིང་འཛོམས་པ་དང་1997ལོར་མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་བུད་མེད་རྩེར་སོན་ཐེབས་རྩ་ལྷན་ཚོགས་ཀྱིས་སྤྲད་པའི“གྲོང་གསེབ་ཀྱི་འཚོ་བ་གསར་གཏོད་བྱ་དགའ”2015ལོར་ཐོབ་པའི“རྒྱལ་ཡོངས་ངལ་རྩོལ་དཔེ་བཟང་བའི་གཟེངས་རྟགས”བཅས་ཡིན་པ།

    1962ལོའི་སྟོན་ཟླ་འབྲིང་པོ་ཡི་ཉིན་ཞིག བོད་ལྗོངས་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ར་ཀོ་གྲོང་ཚོའི་ཞིང་པ་བསོད་ནམས་སྒྲོལ་མར་བུ་མོ་སྙིང་ལ་ཉེ་བ་ཞིག་བཙས་པས། ཁྱིམ་ཚང་ཧྲིལ་པོར་དེ་མ་ཉིད་དུ་དགའ་སྤྲོས་ཁེངས་པས་མ་ཚད། ཉིན་ཤས་ཀྱི་རྗེས་སུ་ཡུལ་མི་ཁྱིམ་མཚེས་གཉེན་ཉེ་དུ་དང་བཅས་པས་རང་རང་གི་འཁོས་བབ་ལྟར་བང་གསོས་ཀྱི་རྟེན་འབྲེལ་ཞུས་རྗེས་བུ་མོའི་གཅེས་མིང་ལ་ཚེ་རིང་འཛོམས་པ་ཞེས་བཏགས། 

    གཅེས་མིང་དེར་ཕ་མ་གཉིས་ཀྱི་སྨོན་འདུན་དང་རེ་བ་གང་མང་འདུས་ཡོད་དེ། རྒྱུ་མཚན་ནི་བུ་མོའི་ཨ་མ་བསོད་ནམས་སྒྲོལ་མ་ནི་1910ལོར་སྐྱེས་པ་དང་ཚེ་རིང་འཛོམས་པས་བཙས་དུས་མོ་ལོ་52ལ་སླེབས་ཡོད་པས། མིའི་ཆ་སྙོམས་ཚེ་ཚད་ལ་བསྟུན་ན་མི་ཚེ་ཕྱེད་ཀ་སྔ་ས་ནས་ཡོལ་ཚར་བ་རེད། འོན་ཏེ་ད་ལོ་དགུང་གྲངས་108ལ་གསོན་པའི་བསོད་ནམས་སྒྲོལ་མ་ད་དུང་འཚོ་ཞིང་བཞུགས་ཡོད་པ་དང་ཚེ་རིང་འཛོམས་པས་གཙོ་བྱས་ཕུ་ནུ་མིང་སྲིང་ཚོས་ཕར་རུབ་ཚུར་རུབ་བྱས་ཏེ་ལོ་ཉི་ཤུའི་གོང་ནས་མིག་གཉིས་ཀ་ལོང་བའི་ཨ་མ་བསོད་ནམས་སྒྲོལ་མ་དང་མཉམ་དུ་ཕྱིར་བཤོལ་དང་ཞུམ་པ་མེད་པར་བདེ་སྡུག་མཉམ་མྱོང་གིས་མི་ཡུལ་གྱི་འཚོ་བར་རོལ་བཞིན་གནས། 

    ཡིན་ནའང་ཁོང་ཚོའི་ཁྱིམ་ཚང་གི་ལོ་མང་གི་འཕོ་འགྱུར་ནི་མི་ལོ་56རིང་དབང་པོ་སྐྱོན་ཅན་དུ་ལུས་པའི་ཚེ་རིང་འཛོམས་པ་ནས་འགོ་འཛུགས་དགོས་ལ། ཁོ་མོ་ནི་ཁྱིམ་ཚང་དེའི་ཕྱི་ཡི་ལྕགས་རི་དང་ནང་གི་ཀ་རྟེན་ལྟ་བུ་ཡིན་ཞིང་། ཁོང་གི་མི་ཚེའི་གཏམ་རྒྱུད་དང་དྲང་ནུས་དེ་ང་ཚོའི་སྤྱི་ཚོགས་ཧྲིལ་པོར་དགོས་ངེས་ཀྱི་རྒྱ་གྲགས་བོད་གྲགས་ཤིག་མིན་ནའང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ། རང་སྐྱོང་ལྗོངས་རིམ་པ་བཅས་ཀྱི་མཚན་སྙན་ནང་སྔ་ས་ནས་འཁོད་ཡོད་པས། ད་ལྟ་ང་ཚོས་སླར་ཡང་དོ་སྣང་བྱེད་དགོས་པ་ནི་སྨོས་མི་དགོས་པ་ཞིག་མ་ཡིན་ནམ། 

    སྤྱི་ཚོགས་འཕེལ་རྒྱས་ཀྱི་འཁོར་ལོ་མདུན་དུ་འཁོར། 

    1978ལོར་སྒྱུར་བཅོས་སྒོ་འབྱེད་ཀྱི་དཔྱིད་རླུང་མེས་རྒྱལ་གྱི་ས་གཞི་ཆེ་མོར་ལྡང་འགོ་ཚུགས། ལོ་ངོ་ལྔ་སྟོང་གི་ཤེས་དཔལ་ལོ་རྒྱུས་ལྡན་པའི་རང་རྒྱལ་གྱི་ས་ཕྱོགས་ཀུན་ཏུ་སྔོན་ཆད་ཐོན་མ་མྱོང་བའི་རླབས་ཆེའི་དོན་སྙིང་ལྡན་པའི་སྲིད་ཇུས་དེ་ལག་བསྟར་དོན་འཁྱོལ་བྱས་ནས་ད་ལོའི་བར་ལོ་ངོ་40སོང་བ་དང་།ཆབ་སྲིད་དང་། དཔལ་འབྱོར། རིག་གནས། མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་སོགས་ཕྱོགས་གང་ཅིའི་ཐད་བཀག་སྡོམ་གྱི་འཆིང་རྒྱ་དུ་མ་ལས་གྲོལ་ཞིང་དུས་ཡུན་རིང་པོའི་སྒོ་དབྱེ་འཕེལ་རྒྱས་ཀྱི་ལམ་བུ་བརྒྱུད་ཚེ་རིང་འཛོམས་པའི་ཕ་ཡུལ་ཏེ། ད་ཆའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ནི་མི་འབོར་དང་དངོས་ཟོག ཆ་འཕྲིན། འགྲིམ་འགྲུལ་སོགས་ཀྱི་འདུ་ལོང་རབ་ཏུ་འཕེལ་ཏེ། སྔོན་ཆད་དབེན་པར་གནས་པའི་ཡར་ཀླུང་གཙང་འགྲམ་གྱི་དྭགས་པོའི་ལུང་ཤུར་དེ་ད་ཆ་འཕེལ་རྒྱས་ཀྱི་གསོན་ཤུགས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་པ་འཁྲུག་ཆ་ལྡན་པ་ཞིག་ཏུ་གྱུར་ལ། དེ་བས་ཡུལ་ལུང་དེ་རུ་མི་ཁྱིམ་ཕལ་པའི་ཕྱུག་འགྱུར་གྱི་གཏམ་རྒྱུད་དང་མི་སེམས་འགུལ་བའི་གནས་ཚུལ་མང་པོ་དབྱར་གྱི་ཤྭ་འོད་རྒྱུ་བ་ལྟར་ཐོན་བཞིན་མཆིས། 

    སྤྱི་ཟླ་4ཚེས་18ཉིན་གྱི་ཞོགས་པར། རྒྱ་ཚ་རྫོང་ཨུད་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་རྫོང་དྲིལ་བསྒྲགས་ཚན་པའི་ལས་དོན་མི་སྣའི་ཁྲིད་སྟོན་འོག ཁོ་ར་ཁོར་ཡུག་ལྗོན་ཤིང་ར་བས་བསྐོར་ཞིང་། ཁམས་གཙང་བའི་མཁའ་རླུང་དང་འབྲས་ཤིང་མེ་ཏོག་གི་དྲི་ཞིམ་སོས་པའི་ཁྲོད་དུ་གསར་འགོད་པས་རྫོང་དེའི་ང་རབ་གྲོང་རྡལ་རས་ཀོ་གྲོང་ཚོར་བསྐྱོད། ཞིང་གྲོང་ཆུང་ངུ་དེའི་རྒྱབ་རི་ཡི་མུ་ཁྱུད་རྔམ་བརྗིད་ལྡན་པ་དེ་ལ་སྔ་མོའི་མེས་པོ་ཚོས་རིགས་གསུམ་མགོན་པོ་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་པའི་མིང་ཞིག་བཏགས་ཡོད་ལ། རྒྱབ་ངོས་རི་རབ་དང་མདུན་ངོས་ཆུ་བོ་ཡར་ཀླུང་གཙང་པོ་ལྷུང་ལྷུང་དུ་བཞུར་བཞིན། ས་བཀྲ་ཤིས་པའི་ཡུལ་ལུང་དེའི་དཔྱིད་ཀྱི་དཔལ་ཡོན་ནི་ལྟ་ན་སྡུག་པ་ཞིག་འདུག ནམ་དུས་འདི་ལ་ན་སོ་གཞོན་དར་གྱི་ཡུལ་མི་ཕལ་ཆེར་དབྱར་རྩྭ་དགུན་འབུ་འཐུ་བར་བསྐྱོད་པས། དེ་ཉིན་གྲོང་ཚོའི་སྲང་ལམ་ནི་ཧ་ཅང་ཁུ་སིམ་པ་ཞིག་ཏུ་སྣང་། འོན་ཏེ་ང་ཚོ་དེ་གར་བསྐྱོད་པའི་དམིགས་ཡུལ་ནི་དབང་པོ་སྐྱོན་ཅན་དུ་གྱུར་ཡང་མི་ཚེའི་ལས་དབང་གི་མདུན་དུ་སྙིང་རུས་རྡོ་ལྟར་སྲ་ལ། རྩ་ཆེའི་མི་ལུས་ཀྱི་རིན་ཐང་ཡོངས་སུ་རྫོགས་པར་ངོམས་ཤིང་། བྱམས་སྙིང་རྗེ་རྒྱུད་ལ་འཇགས་པའི་བུད་མེད་ཞིང་པ་ཚེ་རིང་འཛོམས་པ་དང་ཐུག་འཕྲད་བྱ་རྒྱུ་དེ་རང་ཡིན། 

    ཡ་ང་སྙིང་རྗེ་མེད་པའི་ལས་དབང་གི་མདུན་དུ།

    དེ་ཉིན་ཞོགས་པའི་ཆུ་ཚོད་བཅུ་པ་ཡོལ་ཙམ་ལ་ང་ཚོ་བཅར་འདྲི་ཚོགས་ཆུང་ཨ་ཅག་ཚེ་རིང་འཛོམས་པའི་ཁྱིམ་དུ་འབྱོར་སྐབས། ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་ཅིང་། ཕྱི་ནང་མཛེས་བཟོའི་བཀོད་པ་ཤིན་ཏུ་ལེགས་པའི་སྡོད་ཁང་ཉིས་ཐོག་དེ་ནི་རྒྱ་ཁྱོན་ཆེ་ལ་ཧ་ཅང་སྡོད་སྣང་སྤྲོ་བ་ཞིག་ཏུ་མངོན། སྒོ་ར་ཁམས་གཙང་ཞིང་ཅ་དངོས་ཕན་མེད་གང་སར་མ་སྤུངས་པའི་ཁར། རྩི་ཤིང་མེ་ཏོག་ཉུང་ཤས་བཏབ་པའི་ཞིང་ཁྱིམ་དེ་ལྟ་བུས་སྤྱིར་ན་ཨ་ཅག་ཁོང་གི་སེམས་གཏིང་གི་མི་ཚེའི་ལྟ་བ་དང་རིན་ཐང་གི་ལྟ་བ་ཡོངས་སུ་རྟོགས་པར་གྱུར། གསོལ་ཐབ་ནང་གི་ལྟོ་སྣོད་ཐབ་ཆས་ལས་འོད་སྣང་འཚེར་བཞིན་པ་དེ་ནི་ཨ་ཅག་ཚེ་རིང་འཛོམས་པའི་ཁྱིམ་ཚང་གི་དུས་ཡུན་རིང་པོའི་གཙང་སྦྲ་འཕྲོད་བསྟེན་གྱི་གོམས་གཤིས་ཡིན་པ་ཤུགས་ལས་རྟོགས་ཐུབ། ཁོང་གིས་མགྲོན་པོའི་མདུན་དུ་སྤྱོད་དགོས་ངེས་ཀྱི་འཁར་རྒྱུག་ལ་མ་བརྟེན་པར་སྡུག་བསྲན་འཁྱོག་པོའི་ངང་རྐང་པ་འཐེང་ཙམ་དང་དཔུང་པ་རོང་ཙམ་གནང་བཞིན་གོམ་པ་སྤོ་བ་དང་སྦྲགས། ཧ་ཅང་འཚེར་སྣང་ཆེ་ལ་དྭགས་པོའི་ཡུལ་སྐད་ཞེ་ཚིག་འཇམ་པོར་བསྒྲིལ་ནས་ང་ཚོ་གུ་ཡངས་པའི་ཚོམས་ཆེན་ནང་ལ་ཕེབས་ཞེས་གསུངས། སྔོན་ནས་གྲ་སྒྲིག་ཟིན་པའི་ཇ་བསྲུབས་མ་དང་ཞལ་ཏོག་ང་ཚོར་བཏེགས་བཞིན་དུ། ངས་ལོ་མང་པོར་བསགས་བསགས་གྲུང་གྲུང་བྱས་པའི་སྒོར་ཁྲི་ཚོ་40ཙམ་བཏོན་ནས་ཁང་པ་གསར་པའི་སྒྲོམ་གཞི་བླངས་ཚར་བ་ཙམ་ལས་འཛིན་ཆས་ད་དུང་སྟབས་བདེ་ཡིན་ཞེས་ཁེངས་སྐྱུང་ཆེན་པོ་གནང་གི་འདུག་མོད། འོན་ཀྱང་དབང་པོ་སྐྱོན་ཅན་ཁྱིམ་ཚང་ཞིག་གི་ངོས་ནས་བཤད་ན། ཐོག་རྩེགས་ཅན་གྱི་ཁང་བཟང་ཞིག་གསར་རྒྱག་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ནས་ཡིན། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།