[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཕ་ཡུལ། ངའི་ལས་གཏོད་ཀྱི་ཞིང་ས་གཤིན་པོ།

    —— སློབ་ཆེན་སློབ་ཐོན་སློབ་མ་པད་མ་བདེ་ཆེན་གྱི་ལས་གཏོད་གཏམ་རྒྱུད་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   གསར་འགོད་པ། རྣམ་གླིང་རིན་ཆེན། ནོར་དཀྱིལ་བུ་ཆུང་རྒྱལ། བཀྲ་ཤིས། དཔལ་མཆོག ཚེ་སྒྲོན།    |    སྤེལ་དུས།   2018-05-15

    511467_yis_1526273973193_s.jpg

    སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་པད་མ་བདེ་ཆེན་གྱིས་གསར་འགོད་པར་བྱ་གཞག་གསར་གཏོད་ཀྱི་འཆར་གཞི་གླེང་བཞིན་པ།

    ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཆུང་གྲས་དང་སློབ་ཆེན་སློབ་ཐོན་སློབ་མའི་བྱ་གཞག་གསར་གཏོད་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་བསྟུན་ནས། སློབ་ཆེན་ཐོན་པའི་སློབ་མ་མང་པོ་ཞིག་གིས་སྔོན་ཆད་ལྟར་གཞུང་ཞབས་པའི་ལས་ཀ་ཁོ་ན་སྒུག་ནས་མི་སྡོད་པར། བློ་ཁོག་ཆེན་པོས་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་དྲག་པོའི་ཀློང་དུ་ཞུགས་ནས་རང་འགུལ་ངང་སློབ་ཆེན་སློབ་མའི་བྱ་གཞག་གསར་གཏོད་ལ་གཞོལ་ཏེ་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་རྒྱུར་འབད་བཞིན་ཡོད་པ་རེད། སློབ་ཆེན་དངོས་གཞི་ཚན་ཁག་ནས་ཐོན་ཞིང་ད་ལོ་ལོ་31ལ་སླེབས་པའི་པད་མ་ཆོས་སྒྲོན་ནི་ཁོང་ཚོའི་གྲས་ཤིག་ཡིན་ཞིང་། ང་ཚོ“བདག་ཁྱིམ་གྱི་ལོ་40”ཡི་བཅར་འདྲི་ཚོགས་ཆུང་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་མེ་ཏོག་ལྡུམ་རའི་ཚོང་དོན་ཐོག་བརྩེགས་ཁང་ཆེན་གྱི་འགྲམ་དུ་སྐྱོད་སྐབས། གཞུང་ལམ་གྱི་གཡས་ངོས་སུ་སྒོ་བྱང་ལ་ཀརྨ་ཆ་དབུ་སྐྲ་མཛེས་བཟོའི་འདུ་གནས་དང་། ཀརྨ་ཆ་ནང་འདྲེན་བརྒྱུད་ཚོང་པུའུ་ཞེས་བཀོད་པའི་ཐོག་བརྩེགས་ཉིས་ལྡན་གྱི་ཁང་བཟང་ཞིག་མིག་ལམ་དུ་འཆར་བྱུང་། ང་ཚོས་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུ་སྐབས། ད་གཟོད་དེའི་སྦྱིན་བདག་ནི་པད་མ་ཆོས་སྒྲོན་ཡིན་པ་ཤེས་ཏེ། དེ་འཕྲལ་ཁོང་ལ་རང་ཉིད་ཀྱི་བྱ་གཞག་གསར་གཏོད་ཀྱི་གཏམ་རྒྱུད་གླེང་རོགས་ཞུས་པ་ཡིན། 

    གཞུང་ཞབས་པའི་ལས་ཀ་སྒུག་རྒྱུ་ནི་འགྲོ་ལམ་འབའ་ཞིག་མ་རེད།

     པད་མ་བདེ་ཆེན་ནི་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་འབོད་ཐོས་ཤང་ཆུ་གསར་གྲོང་ཚོ་ནས་ཡིན་ཞིང་། སྤྱི་ལོ་2011ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེ་མོའི་བཟོ་ཚོང་ཁེ་ལས་དོ་དམ་ཆེད་ལས་ནས་སློབ་མཐར་ཕྱིན་རྗེས་ད་བར་དུ་རང་ཉིད་ཀྱི་ཐོག་མའི་ཕུགས་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་སློབ་ཆེན་སློབ་ཐོན་སློབ་མའི་བྱ་གཞག་གསར་གཏོད་ཀྱི་ལམ་དུ་ཞུགས་པ་ཞིག་རེད། 

    གསར་འགོད་པ། “ཁྱེད་ནས་སློབ་ཆེན་ཐོན་རྗེས་ལས་གཏོད་ཀྱི་ལམ་བུར་ཞུགས་པར་འགྱོད་པ་སྐྱེ་མྱོང་ངམ”

    པད་མ་བདེ་ཆེན། “མ་མྱོང་། གལ་ཏེ་རང་གི་མི་ཚེ་ལ་བསྐྱར་དུ་གདམ་ག་བྱེད་དབང་ཡོད་ཚེ། ངས་སྔར་བཞིན་ལས་གཏོད་ཀྱི་ལམ་བུར་ཞུགས་ངེས”ངོ་གདོང་དཀར་ལ་སྐྲ་ལོ་སྣུམ་པའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་པད་མ་བདེ་ཆེན་གྱིས་སེམས་ཤུགས་དང་ཡིད་ཆེས་ཆེན་པོས་ཁ་གསལ་གོ་བདེའི་ངང་ནས་གསར་འགོད་པའི་དྲི་བར་ལན་བཏབ།

    པད་མ་བདེ་ཆེན་ལ་ཆ་མཚོན་ན། སྤྱི་ལོ་2011ལོ་ནི་གདམ་ག་དང་འགལ་བ་མང་བའི་ལོ་ཞིག་རེད། ལོ་དེ་ལ་ཁོ་མོ་ལྷོ་ནུབ་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་དུ་ཕྱིར་ལོག་བྱས། མེ་འཁོར་ལ་བསྡད་དེ་ཕ་ཡུལ་དུ་ལོག་པའི་ལམ་བར་དུ་ཁོ་མོའི་སེམས་ལ་ཡང་ཡང་དྲན་འོང་པ་ནི་གཞུང་ཞབས་པའི་ཡིག་རྒྱུགས་ནང་ཞུགས་སམ་ཡང་ན་སློབ་ཆེན་སློབ་ཐོན་སློབ་མའི་བྱ་གཞག་གསར་གཏོད་ལ་གཞོལ་དགོས་མིན་ཐད་ཀྱི་གནད་དོན་དེ་རེད། བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར་ཁོ་མོས་ད་གཟོད་བྱ་གཞག་གསར་གཏོད་བྱེད་རྒྱུའི་བློ་ཐག་བཅད། 

    ཕ་ཡུལ་དུ་འབྱོར་རྗེས། ཁོ་མོས་རང་ཉིད་ཀྱི་བྱ་གཞག་གསར་གཏོད་བྱ་རྒྱུའི་བསམ་ཚུལ་དེ་ཕ་མ་གཉིས་ལ་ཞུས་པས། ཁོང་གི་ཕ་མ་གཉིས་པོས། “ང་ཚོས་ད་བར་དུ་དཔུང་པ་ས་འོག་ཏུ་བཅུག་སྟེ་དཀའ་ལས་རྔུལ་ཆུ་ཁྲུམ་ཁྲུམ་བཞུར་ནས་ཁྱོད་སློབ་གྲྭར་གཏོང་དོན་ནི། མ་འོངས་པར་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་འགྱུར་ཐུབ་ཆེད་ཡིན་པ་ལས། ཕ་མ་གཉིས་དང་འདྲ་བར་ཚེ་གང་ས་ཞིང་དང་འགྲོགས་ནས་ཐལ་རྡུལ་གྱི་ཁྲོད་དུ་མི་ཚེ་སྐྱེལ་དུ་འཇུག་ཆེད་མིན། གྲོང་ཚོའི་སློབ་ཆེན་ཐོན་པའི་སློབ་མ་ཚང་མ་འཚང་ག་ཤིག་ཤིག་ངང་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་ཏེ། རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་འགྱུར་རྒྱུར་སྐོམ་པ་ཆུ་འདོད་ལྟར་གྱིས་རེ་སྒུག་བྱེད་ཀྱི་ཡོད་ཀྱང་། བུ་མོ་ཁྱོད་ནང་བཞིན་བྱ་གཞག་གསར་གཏོད་བྱེད་མཁན་ཞིག་གང་ན་འདུག ལྷག་པར་དུ་ཁྱོད་བུ་མོ་ཞིག་གིས་བྱ་གཞག་གསར་གཏོད་ཀྱི་ལས་ཀ་དེ་འདྲ་ག་ལ་འཇོན”ཞེས་བཤད་དེ་ངོ་རྒོལ་མཐའ་གཅིག་ཏུ་བྱས། ཁོང་གི་ཕ་མ་གཉིས་ལའང་ཁག་ག་ལ་ཡོད་དེ། གྲོང་ཚོའི་གྲོང་མི་ཕལ་ཆེ་བས་རང་གི་བུ་ཕྲུག་སློབ་ཆེན་ཐོན་ཏེ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་བྱེད་ཐུབ་ན། ད་གཟོད་ཁོང་ཚོའི་འདོད་བློ་ཡོངས་སུ་ཁེངས་ཤིང་། ཁོང་ཚོའི་སྣང་ངོར་སློབ་ཆེན་སློབ་ཐོན་སློབ་མ་ཞིག་ཡིན་ཚེ། ཁོ་ཚོའི་མཐར་ཐུག་གི་འགྲོ་ལམ་ཉག་གཅིག་ནི་གཞུང་ཞབས་པའི་ཡིག་རྒྱུགས་ལ་ཞུགས་ཏེ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཆགས་རྒྱུ་དེ་རེད། འོན་ཀྱང་། ཉེ་དུ་སྤུན་མཆེད་དང་ཉེ་འགྲམ་གྱི་གྲོགས་པོ་གྲོགས་མོ་སུ་ཡིས་ཁོ་མོའི་བྱ་གཞག་གསར་གཏོད་ཀྱི་ལས་ཀར་ངོ་རྒོལ་བྱས་ཀྱང་། ཁོ་མོས་སྔ་ས་ནས་ལས་གཏོད་བྱ་རྒྱུའི་སེམས་ཐག་བཅད་ཟིན་པས། མཐའ་མ་སུ་ཞིག་གིས་ཀྱང་ཁོ་མོའི་ལས་གཏོད་ཀྱི་ལམ་བུར་བཀག་འགོག་བྱ་ཐབས་བྲལ། 

    མ་གཞི་སློབ་ཆེན་གྱི་དུས་སུ་ཁོ་མོའི་ཆེད་ལས་ནི་བཟོ་ཚོང་ཁེ་ལས་དོ་དམ་ཡིན་ན་ཡང་། སྤྱི་ཚོགས་ཀྱི་ལག་ལེན་དངོས་ལ་ཞུགས་ནས་བྱ་གཞག་གསར་གཏོད་བྱ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། སློབ་ཆེན་གྱི་སྐབས་སུ་སྦྱངས་པ་མཐའ་དག་ནི་གཞུང་ལུགས་ཀྱི་ཤེས་བྱ་འབའ་ཞིག་ཡིན་པས། འཚོ་བ་དངོས་སུ་ལག་ལེན་གྱི་ཉམས་མྱོང་མེད་པ་དང་། དེའི་ཐོག་བྱ་གཞག་གསར་གཏོད་བྱེད་པར་མ་དངུལ་ཡང་མེད་པས། སྐབས་ཤིག་རིང་། ཁོ་མོའི་སེམས་པ་མཚོ་ཐོག་གི་གཡོར་གྲུ་ཇི་བཞིན་ཡམ་ཡོམ་ངང་འགུལ་ནས་ལྷོད་ལ་འབབ་ཐབས་བྲལ། འོན་ཀྱང་། མི་ཚེའི་ལམ་བུར་དཀའ་ལས་ཅི་ཞིག་ཕྲད་ཀྱང་དེ་ལ་དེ་བསྟུན་གྱི་ཐག་གཅོད་བྱེད་ཐབས་ཤིག་ཡོད་པར་ཁོ་མོར་ཡིད་ཆེས་ཡོད་པས། ཁོ་མོས་ད་གཟོད་རང་ཁྱིམ་གྱི་ཞིང་དུད་ཀྱི་དངུལ་བུན་ལག་ཁྱེར་ཟངས་བྱང་དེ་ཁྱེར་ནས་དངུལ་ཁང་ནས་ཡིད་རྟོན་སྐྱེད་གསབ་དངུལ་བུན་སྒོར་ཁྲི་3གཡར་ཏེ་ཐོག་མའི་ཚོང་གཉེར་གྱི་མ་རྩ་བྱས། སྤྱིར་ན་ཁོ་མོའི་ཁྱིམ་ཚང་ཙམ་མ་ཟད་གྲོང་ཚོའི་ཁྱིམ་ཚང་ཕལ་པ་སུ་ལ་ཆ་མཚོན་ནའང་། སྒོར་ཁྲི་3ནི་ཧ་ཅང་འབོར་ཆེ་བའི་གྲངས་ཀ་ཞིག་ཅི་ལ་མིན། ཁོ་མོའི་ཕ་མ་གཉིས་ཀྱིས་དངུལ་བུན་དེ་དུས་ཐོག་ཏུ་འཇལ་ཐུབ་མིན་ཐད་སེམས་ཁྲལ་ཆེན་པོ་བྱུང་ཡང་། ཆུང་ནས་ད་བར་ཕ་མ་གཉིས་པོས་ཁོ་མོར་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་སྟབས། སེམས་ཁྲལ་ཡོད་དོ་ཅོག་ཁོག་ཏུ་ཉར་ཏེ་བུ་མོའི་འདོད་བློ་དང་བསྟུན་གང་ཐུབ་བྱས། པད་མ་བདེ་ཆེན་གྱིས། “མ་གཞི་བྱ་གཞག་གསར་གཏོད་ཀྱི་ལམ་བུར་དཀའ་ངལ་དང་སེམས་ཁྲལ་མི་ཉུང་བ་ཞིག་བྱུང་། འོན་ཀྱང་། བྱ་བ་ཅི་ཞིག་བསྒྲུབས་ཀྱང་དཀའ་ཚེགས་དང་བར་ཆད་མང་དག་ཅིག་འཕྲད་ངེས་པ་ངས་ཤེས་ཀྱི་ཡོད་ལ། ང་ལའང་བསམ་བློའི་གྲ་སྒྲིག་ཡོད། ངའི་བསམ་པར་གཞུང་ཞབས་པའི་ལས་ཀ་ནི་སློབ་ཆེན་སློབ་ཐོན་སློབ་མའི་འགྲོ་ལམ་ཉག་གཅིག་དེ་མིན་པས། རང་ཉིད་ཀྱི་ཆེད་ལས་ཀྱི་དགེ་མཚན་སྤྱད་ནས་རང་བློར་བབས་པའི་བྱ་བ་ཞིག་བྱེད་རྒྱུ་བྱུང་ན། དེ་ནི་ང་ལ་མཚོན་ན་རང་གིས་བསམས་པའི་འཇོན་ཐང་འདོན་ཐུབ་པ་ཞིག་དང་བདེ་སྐྱིད་ཅིག་རེད”ཅེས་བཤད། 

    ཁྲོམ་རའི་གནས་བབ་ལ་གཞིགས་ཏེ་ལས་གཏོད་བྱ་རྒྱུ་ནི་གཙོ་བོ་རེད། 

    ཁོ་མོས་དངུལ་ཁང་ནས་གཡར་བའི་སྒོར་ཁྲི་3མ་རྩ་བྱས་ནས་རྩེད་ཐང་ཟ་ཁང་ཆེ་མོའི་འགྲམ་དུ་སྨི་ངོས་གྲུ་30ཙམ་གྱི་ཁང་པ་ཞིག་གཡར་ཏེ་ཚོང་ཁང་དུ་བྱས་ཤིང་། ཚོང་ཁང་དེར་གཙོ་བོ་ཕྱི་ནས་ནང་འདྲེན་བྱས་པའི་ཚོང་ཟོག་འཚོང་གི་ཡོད། ཁོ་མོས་བཤད་རྒྱུར། “ངས་ནང་འདྲེན་བྱས་པའི་ཚོང་ཟོག་འཚོང་དོན་ནི་ཁྲོམ་རའི་གནས་བབ་དང་དགོས་མཁོ་ལ་གཞིགས་པ་ཡིན། ཚོང་ལས་ལ་ཞུགས་མཁན་ཞིག་ཡིན་ཚེ། ངེས་པར་དུ་ཁྲོམ་རའི་གནས་བབ་དང་འགྱུར་ལྡོག་ལ་ལྟ་ཐུབ་པ་དགོས། དེ་བས། འཛད་སྤྱོད་པའི་འདོད་བློ་སྐོང་གང་ཐུབ་བྱེད་པ་ནི་ཧ་ཅང་གལ་ཆེ་བ་ཡིན་པས། ངས་དང་ཐོག་རང་གི་མ་རྩ་ལ་གཞིགས་ནས་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་ཡིན། མ་གཞི་ཐོག་མ་ཚོང་ཁང་གཉེར་སྐབས་འཛད་སྤྱོད་པ་མང་པོས་ལྷོ་ཁ་གྲོང་ཁྱེར་དུ་ངའི་ཚོང་ཁང་དེ་འདྲ་ཞིག་ཡོད་པ་ཤེས་ཀྱི་མེད་སྟབས། ཚོང་ཟོག་བྲིན་ཁ་རྒྱུག་པོ་མེད་པས་སེམས་ཁྲལ་ཆེན་པོ་བྱུང་། ཡིན་ནའང་། རིམ་གྱིས་འཛད་སྤྱོད་པ་ཇེ་མང་ནས་ཇེ་མང་དུ་སོང་བ་དང་བསྟུན་ནས་ཚོང་ཁང་གི་ཁེ་སྤོགས་ཀྱང་ཉིན་རེ་བཞིན་མང་དུ་སོང”ཞེས་བློ་ཡིད་ཚིམ་པོས་བརྗོད། 

    སྤྱི་ལོ་2011ལོ་ནས་སྤྱི་ལོ་2015བར་གྱི་ལོ་བཞིའི་རིང་། ཁོ་མོས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཚོང་ཁང་དུ་བསྡད་དེ། འཛུམ་དམུལ་དམུལ་གྱིས་སྐུ་མགྲོན་བསུ་བ་དང་། གུས་ཞབས་ལྡན་པའི་ངག་ལ་བརྟེན་ནས་སྐུ་མགྲོན་ལ་སྐྱེལ་མ་བྱེད་ཀྱི་ཡོད་པས། མ་གཞི་ལོ་བཞི་ཡི་རིང་སྐབས་འགར་ཉིན་གཅིག་ལ་ཡོང་འབབ་སྐར་ལི་ཙམ་ཡང་ལག་ཏུ་ལེན་རྒྱུ་མེད་པའི་གནས་ཚུལ་ཐོན་གྱི་ཡོད་ཀྱང་། ཁོ་མོས་ཆུ་ཐིགས་བསགས་ནས་རྒྱ་མཚོ་ཞེས་པའི་དཔེ་ལྟར། ལོ་བཞི་པོ་ཉིན་གཅིག་ལྟར་བརྩིས་ནས་དཀའ་སྡུག་ལ་བཟོད་བསྲན་དང་། ཐོག་མའི་ཕུགས་འདུན་བློ་ལ་བརྟན་པོར་བཅངས་ནས་འབད་འབུངས་ཡར་བརྩོན་བྱས་ཏེ་ཡོང་འབབ་གསོག་གང་ཐུབ་བྱེད་ཀྱི་ཡོད་སྟབས། ལོ་བཞིའི་ནང་དུ་དངུལ་ཁང་ནས་གཡར་བའི་དངུལ་བུན་གྱི་མ་སྐྱེད་གཙང་འཇལ་ཐུབ་པ་མ་ཟད། ད་དུང་བྱ་གཞག་གསར་གཏོད་ཀྱི་མ་དངུལ་ཁྲི་30གསོག་ཐུབ་པ་རེད། ཁོ་མོས་བཤད་པར་གཞིགས་ན། “མ་གཞི་མུ་མཐུད་ནས་ཚོང་ཁང་གཉེར་ནས་བསྡད་ན་ཡོང་འབབ་མི་དམན་པ་ཞིག་ཡོང་གི་འདུག འོན་ཀྱང་། ང་རང་གི་བསམ་པར་གྲུབ་འབྲས་ཕྲན་བུ་ཙམ་ལ་ཡིད་ཚིམས་ནས་བསྡད་ན་མི་འགྲིག་སྙམ་སྟེ། ཁྲོམ་རའི་དགོས་མཁོ་དང་གནས་བབ་ལ་གཞིགས་ནས་དེ་བས་གཞི་རྒྱ་ཆེ་བ་དང་། དེ་བས་དོན་སྙིང་ལྡན་པའི་བྱ་གཞག་གསར་གཏོད་ཀྱི་ལས་ལ་གཞོལ་རྒྱུའི་འཆར་གཞི་བཏིངས་པ་ཡིན”ཅེས་བཤད། དོན་དངོས་སུའང་ཁོང་ནས་2015ལོ་ནས་2018ལོའི་ཟླ་གསུམ་པའི་བར་ལྷོ་ཁ་གྲོང་ཁྱེར་རྩེད་ཐང་མེ་ཏོག་ལྡུམ་རའི་ཚོང་དོན་ཐོག་བརྩེགས་ཁང་ཆེན་གྱི་འགྲམ་དུ་ཀརྨ་ཆ་དབུ་སྐྲ་མཛེས་བཟོའི་འདུ་གནས་དང་། ཀརྨ་ཆ་ནང་འདྲེན་བརྒྱུད་ཚོང་པུའུ་ཞེས་པའི་ཁང་པ་གཉིས་ཐོག་མ་ཞིག་གཡར་ཞིང་། དེར་ཕྱི་ནས་ནང་འདྲེན་བྱས་པའི་ཚོང་ཟོག་འཚོང་བ་ཕུད། ད་དུང་སྐྲ་གཞར་ཁང་ཞིག་བཙུགས་ཏེ་བྱ་གཞག་གསར་གཏོད་ཀྱི་ལམ་བུ་ཇེ་ཡངས་སུ་བཏང་བས། དེ་ནས་ཁོང་ལ་ཟླ་རེར་ཁེ་སྤོགས་ཁོ་ན་སྒོར་ཁྲི་2ནས་5བར་ཡོང་གི་ཡོད་པ་མ་ཟད། དེ་བས། ཁོང་ནས་གནས་དེར་ཞིང་འབྲོག་ཁུལ་གྱི་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་དང་། སློབ་ཆེན་ཐོན་པའི་སློབ་མ་ལས་མིར་བསྐོངས་ཏེ་མི་རེར་ཟླ་རེར་གླ་ཆ་སྒོར་3000སྤྲོད་ཀྱི་ཡོད་པ་དང་། དེ་བས་མང་བའི་ལས་མི་བསྡུ་གང་ཐུབ་བྱས་ཏེ་ཁོང་ཚོའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ལ་འབད་པས་གཞོལ་བཞིན་ཡོད། ལྷག་པར་དུ། ཁོ་མོའི་བྱ་གཞག་གསར་གཏོད་ཀྱི་ཤུགས་རྐྱེན་འོག ས་གནས་དེ་གའི་སློབ་ཆེན་སློབ་མའི་ཡོན་ཚད་ལྡན་པའི་ལས་མི་མི་ཉུང་བ་ཞིག་ཀྱང་ད་ཆ་ཁོང་དང་འདྲ་བར་ལྷ་ས་དང་། ལྷོ་ཁ་ཁུལ་དུ་བྱ་གཞག་གསར་གཏོད་ཀྱི་ལམ་བུར་ཞུགས་ཡོད་པ་དང་། དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་མང་པོ་ཞིག་གིས་ཀྱང་རང་གི་ལག་གཉིས་ལ་བརྟེན་ནས་བསགས་པའི་ཡོང་འབབ་ཁྱིམ་དུ་སྐུར་གྱི་ཡོད།

    2016ལོར་སྟེས་དབང་གི་གོ་སྐབས་ཤིག་གིས་ཁོ་མོ་ལྷོ་ཁ་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་དང་ཧུའུ་ནན་བོད་སྐྱོར་ཚོགས་པས་སྒྲིག་འཛུགས་བྱས་པའི་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་པའི་ལས་གཏོད་ཀྱི་དྲ་ཐོག་ཚོང་ཁང་གི་སྦྱོང་བརྡར་ལ་ཞུགས་ཤིང་། སྦྱོང་བརྡར་བྱེད་རིང་ཁོ་མོས་ནང་སའི་ལས་གཏོད་མི་སྣ་མང་པོའི་བྱ་གཞག་གསར་གཏོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མིག་མཐོང་ལག་ཟིན་ཐུབ་པ་མ་ཟད། ཁྲོམ་རའི་གནས་བབ་དང་འཕེལ་ཕྱོགས་ལའང་རྒྱུས་མངའ་ཇེ་ཆེར་སོང་། ཧུའུ་ནན་ཁྲང་ཧྲལ་ནས་ཕྱིར་ལོག་རྗེས་ཁོ་མོ་ནི་མི་གཞན་ཞིག་ཏུ་འགྱུར་བ་ལྟར། ཉིན་ལྟར་བསམ་གཞིག་གི་རྒྱ་མཚོའི་ཀློང་དུ་ཚུད། ཁོ་མོས། “དྲ་ཐོག་ཚོང་ཁང་གི་སྦྱོང་བརྡར་བརྒྱུད། ངའི་སེམས་པ་ལྷོད་ལ་གཏན་ནས་འབབ་ཐབས་བྲལ། བྱ་གཞག་གསར་གཏོད་ལ་གཞོལ་བཞིན་པའི་ནང་སའི་སློབ་ཆེན་སློབ་མ་དག་གི་ལུས་ནས་ངས་ད་གཟོད་ཅི་ཞིག་ལ་བྱ་གཞག་གསར་གཏོད་ཟེར་བ་དང་། བྱ་གཞག་གསར་གཏོད་ཇི་ལྟར་བྱེད་དགོས་མིན་རགས་ཙམ་ཤེས་བྱུང་། ད་ནི་སྔོན་ཆད་ལྟར་ཚོང་ཟོག་ཁོ་ན་བཙོངས་ཏེ་སྡོད་པ་དང་། སྲོལ་རྒྱུན་གྱི་འཚོང་ཐབས་ཁོ་ནར་བརྟེན་ནས་བསྡད་ན་འགྲིག་གི་མི་འདུག ཡུན་རིང་བསམ་བློར་བཏང་མཐར། ངས་ད་གཟོད་སླར་ཡང་ཁྲོམ་རའི་གནས་བབ་དང་དགོས་མཁོ་ལ་གཞིགས་ནས་ཕ་ཡུལ་གྱི་ཐོན་ཁུངས་གཙོ་བོའི་གྲས་ཀྱི་བོད་སྣུམ་དྲ་ཐོག་གི་ཚོང་ཁང་ནས་བོད་ཁུལ་ཙམ་མ་ཟད་རྒྱལ་ནང་དུ་འཚོང་ཐུབ་པ་བྱེད་རྒྱུ་དང་། ཕ་ཡུལ་དུ་ས་ཞིང་བོགས་མར་བླངས་ནས་གཞི་རྒྱ་ཆེ་བའི་པད་ཁ་འདེབས་རྒྱུའི་བློ་ཐག་བཅད་པ་ཡིན”ཅེས་གསུངས། 

    སྲིད་གཞུང་གི་རོགས་སྐྱོར་ནི་ངའི་ལས་གཏོད་ཀྱི་སྒུལ་ཤུགས་རེད། 

    ཕ་ཡུལ་དུ་ལོག་ནས་ས་ཞིང་བོགས་མར་ལེན་རྒྱུ་དང་། བོད་སྣུམ་དྲ་ཐོག་ནས་འཚོང་རྒྱུ། དེ་མིན་ཚོང་རྟགས་བཟོ་རྒྱུ་སོགས་ནི་རྙོག་འཛིང་ཆེ་བ་ཞིག་ཡིན་པ་ཁོ་མོའི་ཡིད་ལའང་འཁོར་མ་མྱོང་། ས་ཞིང་བོགས་མ་ལེན་པར་མ་དངུལ་འབོར་ཆེན་མཁོ་ཞིང་། ལག་རྩལ་མི་སྣའང་མང་པོ་མེད་པས། མཚན་མོ་མང་པོའི་རིང་། ཁོ་མོ་གཉིད་ལ་རོལ་བའི་དང་ཁ་ཅི་ཡང་མེད་པར་གྱུར་ཏེ་མལ་སའི་ནང་འགྲེ་ལོག་ཡང་ཡང་རྒྱག་བཞིན་སེམས་ཁྲལ་གྱིས་གནས་བཟོད་གཏན་ནས་མི་བདེ་བར་གྱུར།

    དགའ་འོས་པ་ཞིག་ལ། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ནས་སློབ་ཆེན་སློབ་ཐོན་སློབ་མ་བྱ་གཞག་གསར་གཏོད་ལ་ཞུགས་རྒྱུར་སྐུལ་འདེད་དང་། མཐོང་ཆེན། རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པས། སློབ་ཆེན་ཐོན་པའི་སློབ་མ་མང་པོ་ཞིག་གིས་ཀྱང་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་སློབ་ཐོན་སློབ་མའི་བྱ་གཞག་གསར་གཏོད་ཐད་ཀྱི་སྲིད་ཇུས་རབ་དང་རིམ་པ་ལོངས་སུ་སྤྱད་དེ། འཚང་ག་ཤིག་ཤིག་ངང་བྱ་གཞག་གསར་གཏོད་ལ་གཞོལ་བཞིན་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། པད་མ་བདེ་ཆེན་གྱིས་ཀྱང་བྱ་གཞག་གསར་གཏོད་ཀྱི་སྲིད་ཇུས་རབ་དང་རིམ་པ་ལོངས་སུ་སྤྱད་རྒྱུའི་བསམ་བློ་འཁོར་ཏེ། ལྷོ་ཁ་གྲོང་ཁྱེར་དང་ཟངས་རི་རྫོང་ཐོན་ལས་གཞུང་ལས་ཁང་དུ་མ་དངུལ་ཐད་རོགས་སྐྱོར་གནང་རྒྱུའི་རེ་ཞུ་ཕུལ། སྟབས་ལེགས་པ་ཞིག་ལ། སྤྱི་ལོ་2017ལོར་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནས་ཁོང་གི་བྱ་གཞག་གསར་གཏོད་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ། ཁོང་ལ་བྱ་གཞག་གསར་གཏོད་ཀྱི་མ་དངུལ་སྒོར་ཁྲི་400ཡི་རྣམ་གྲངས་སྤྲོད་རྒྱུའི་ཆོག་མཆན་གནང་བ་དང་། ཟངས་རི་རྫོང་ཐོན་ལས་གཞུང་དོན་ཁང་ནས་ཁོང་གི་དྲ་ཐོག་ཚོང་ཁང་གཉེར་བའི་ཐད་སྒོར་ཁྲི་20ཡི་རོགས་སྐྱོར་མ་དངུལ་སྤྲོད་པ་མ་ཟད། ལྷོ་ཁ་གྲོང་ཁྱེར་གུང་གཞོན་སྡེ་ཚོགས་ཨུ་ཡོན་ལྷན་ཁང་ནས་སྒོར་47500ཡི་རོགས་སྐྱོར་གནང་བས། དེས་ཁོང་གི་བྱ་གཞག་གསར་གཏོད་ཀྱི་མ་དངུལ་ཐད་ཀྱི་དཀའ་ངལ་ཡོངས་སུ་བསལ་བས། ཁོང་ནས་ཀྱང་གོང་རིམ་གྱི་བླང་བྱ་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་དུ་གཞོན་ནུའི་ལས་ཞུགས་ལས་གཏོད་ཀྱི་སྦྱོང་བརྡར་འཛིན་གྲྭ་བཙུགས་པས། ད་ཆ་གནས་དེ་ནི་བྱ་གཞག་གསར་གཏོད་པ་དུ་མའི་འདུ་འཛོམས་ཀྱི་བསྟི་གནས་སུ་གྱུར་པ་དང་། ད་དུང་ཁོང་ནས་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་པད་སྣུམ་སྤུས་ལེགས་ལས་སྣོན་བཟོ་གྲྭ་བཙུགས་ཏེ། རང་གི་བྱ་གཞག་གསར་གཏོད་ཀྱི་ལམ་བུ་ཁོད་ཇེ་ཡངས་དང་། རྒྱ་ཇེ་ཆེར་བཏང་བ་མ་ཟད། རང་ནུས་ཅི་ལྕོགས་ཀྱིས་དེ་བས་མང་བའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་དང་། ཞིང་འབྲོག་ཁུལ་གྱི་དབུལ་པོའི་ཁྱིམ་ཚང་གི་བུ་ཕྲུག་གི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་རྒྱུར་འབད་བཞིན་ཡོད་པས། ཁོང་གི་བྱ་གཞག་གསར་གཏོད་ལ་སྲིད་གཞུང་དང་ཡུལ་མི་སྤུན་མཆེད་ཚོའི་ཁས་ལེན་དང་། ཡིད་ཆེས། ཚད་མཐོའི་གདེང་འཇོག་བཅས་ཐོབ་ཡོད།

    ཁོང་གིས། “སྲིད་གཞུང་གི་སྲིད་ཇུས་བཟང་པོའི་རོགས་སྐྱོར་དང་། མ་དངུལ་ཐད་ཀྱི་རྒྱབ་སྐྱོར་མེད་ན། ངའི་བྱ་གཞག་གསར་གཏོད་ཐད་ལ་དེ་འདྲའི་གྲུབ་འབྲས་ཐོབ་མི་སྲིད་པས། སྲིད་གཞུང་གི་རོགས་སྐྱོར་ནི་ངའི་བྱ་གཞག་གསར་གཏོད་ཀྱི་སྒུལ་ཤུགས་རེད། ད་ལྟ་ངའི་ཕ་མ་གཉིས་པོས་ངའི་བྱ་གཞག་གསར་གཏོད་ལ་གྲུབ་འབྲས་འདི་འདྲ་ཐོབ་པ་ཤེས་དུས། སྔོན་ཆད་ལྟར་ངའི་བྱ་གཞག་ལ་ངོ་རྒོལ་བྱེད་རྒྱུ་ལྟ་ཅི། རྟག་ཏུ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། ངའི་ལས་གཏོད་ཀྱི་ལམ་བུ་རེ་བ་དང་འོད་ཟེར་གྱིས་ཁེངས་པ་ཤེས་དུས། ཕ་མ་གཉིས་ཀྱི་སེམས་ཀྱི་རྡོག་ཁྲེས་ལྕི་མོ་གར་སོང་ཆ་མེད་དུ་གྱུར་ཏེ་ང་ལ་སེམས་ཁྲལ་ཅི་ཡང་བྱེད་དགོས་ཀྱི་མེད་སྟབས། ངས་རང་ཉིད་ཀྱིས་བདམས་པའི་ལམ་བུ་འདི་ཡང་དག་པ་ཞིག་ཡིན་པ་ཤེས་བྱུང”ཞེས་བཤད། 

    ཡུལ་མི་སྤུན་མཆེད་ཚོའི་སྣེ་ཁྲིད་དེ་འབྱོར་འབྲིང་གི་ལམ་དུ་སྐྱོད་པའི་བསམ་འདུན། 

    “ངའི་བྱ་གཞག་གསར་གཏོད་ཀྱི་རྩ་བ་ཕ་ཡུལ་གྱི་ཞིང་ས་གཤིན་པོ་དེ་ཡི་ཐོག་ཏུ་ཚུགས་ཡོད་པས། ངའི་བྱ་གཞག་གསར་གཏོད་ཀྱི་འབྲས་བུ་དེའང་ཕ་ཡུལ་གྱི་ཞིང་ས་གཤིན་པོར་སྨིན་དུ་འཇུག་ངེས”སྐད་ཆ་དེ་ནི་ཅི་འདྲའི་རྣ་ལ་སྙན་ཞིང་མི་སེམས་འགུལ་བ་ཞིག་རེད་ཨང་། 

    པད་མ་བདེ་ཆེན་གྱིས་རང་གི་བྱ་གཞག་གསར་གཏོད་ཀྱི་ལམ་བུ་དེ་ནམ་ཡང་ཕ་ཡུལ་གྱི་ཞིང་ས་གཤིན་པོ་དེར་བསྲིངས་ཡོད་དེ། འཆར་གཞི་ལྟར་ན། ཁོང་ནས་རང་གི་ཕ་ཡུལ་ཟངས་རི་རྫོང་འབོད་ཐོས་ཤང་དུ་མུའུ་5000ཙམ་གྱི་ས་ཞིང་བོགས་མར་བླངས་ཏེ། གནས་དེ་གའི་ཞིང་འབྲོག་མང་ཚོགས་དུ་མ་ལས་མིར་བསྡུས་ནས་ཡུལ་དེ་གའི་རྒྱུ་སྤུས་ལེགས་ལ་ལྷད་མེད་པའི་པད་ཁ་འདེབས་པ་དང་། སྔོ་ལྗང་ཟས་རིགས་ཀྱི་ཁོངས་གཏོགས་སུ་གྱུར་པའི་པད་སྣུམ་དེ་རིམ་པ་རྩེ་གྲ་དང་། དང་པོ། གཉིས་པར་ཕྱེ་ནས། དྲ་ཐོག་ཚོང་ལམ་བརྒྱུད་བོད་ཁུལ་ཙམ་མ་ཟད་རྒྱལ་ཡོངས་སུ་བཙོང་རྒྱུའི་ཇུས་གཞི་བཏིངས་ཡོད་ཅིང་། ཡུལ་དེ་གའི་མང་ཚོགས་ལག་རྩལ་པར་གདན་ཞུ་བྱས་ནས་ཁོ་ཚོའི་ཞོར་ལས་ཡོང་འབབ་འཕར་སྣོན་ཡོང་རྒྱུར་རང་གི་ནུས་པས་སྲི་ཞུ་སྒྲུབ་རྩིས་ཡོད། དེ་བས། ཁོང་ནས་ལྷོ་ཁ་གྲོང་ཁྱེར་དུ་ཟ་ཁང་གཉེར་ཞོར་ཟངས་རི་རྫོང་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་ཞིང་པའི་ཐོན་རྫས་མང་པོ་འཚོང་བ་དང་། དྲ་ཐོག་ཚོང་ལམ་བརྒྱུད་ཕ་ཡུལ་གྱི་གྲགས་ཅན་ཐོན་རྫས་དེ་དག་རྒྱལ་ཡོངས་སུ་བཙོངས་ཏེ། ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་ཚོ་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་། ཁོང་ཚོའི་སྣེ་ཁྲིད་དེ་འབྱོར་འབྲིང་གི་ལམ་དུ་སྐྱོད་རྒྱུའི་ཆོད་སེམས་ཀྱིས་ཁེངས་ཡོད།

    “ངས་ཕ་ཡུལ་གྱི་ཐོན་ཁུངས་གཙོ་བོའི་གྲས་ཀྱི་པད་སྣུམ་སྔོག་འདོན་བྱས་ནས། སྲོལ་རྒྱུན་གྱི་འདེབས་ལས་དེ་ཐོན་ལས་ཅན་དུ་འགྱུར་ཐུབ་པ་བྱ་རྒྱུ་ཡིན”ཞེས་པད་མ་བདེ་ཆེན་གྱིས་ངོ་གདོང་ནས་དགའ་བའི་འཛུམ་མདངས་ལྷུག་པོར་གྲོལ་བཞིན་རེ་བ་དང་ཡིད་ཆེས་ཆེན་པོས་དེ་ལྟར་བཤད། དོན་དངོས་སུའང་ཁོང་ནི་ཁ་བཤད་ལག་ལེན་དུ་བསྟར་མཁན་ཞིག་ཡིན་ཏེ། རང་ཉིད་ཀྱི་ཕུགས་འདུན་སླད་དུ་དཀའ་བ་མཐའ་དག་ཁྱད་བསད་ཀྱིས་ནམ་ཡང་ཕ་ཡུལ་གྱི་ཡུལ་མི་ཚོ་དང་གཅིག་སེམས་གཅིག་སྒྲིལ་གྱིས་ཕ་ཡུལ་གྱི་ཐོན་རྫས་འཚོང་བའི་ལམ་བུ་འཚོལ་ཞིབ་དང་། ཁོང་ཚོའི་ཡོང་འབབ་འཕར་སྣོན་ཡོང་རྒྱུར་ཐབས་ལམ་གསར་པ་འཚོལ་བ་སོགས་བྱས་པ་མ་ཟད། རང་ཉིད་ཀྱི་བྱ་གཞག་གསར་གཏོད་ཀྱི་རྩ་བ་དེའང་ཕ་ཡུལ་གྱི་ཞིང་ས་གཤིན་པོ་དེ་ཉིད་རྨང་གཞིར་བྱས་ཏེ། ནམ་ཡང་ཕ་ཡུལ་ཡིད་ལ་བཅངས་ནས་ཕ་ཡུལ་གྱི་མང་ཚོགས་མི་བརྗེད་པ་དང་། ཕ་ཡུལ་གྱི་རི་ཆུས་རང་ཉིད་གསོས་པ་མི་བརྗེད་པ། ཕ་ཡུལ་ནི་རང་ཉིད་གཤོག་རྩལ་བརྐྱངས་ནས་འཕུར་ཡུལ་དང་གཤོག་རྩལ་ངོམས་ནས་ལོག་སའི་གནས་མལ་ཡིན་པ་མ་བརྗེད་པར། ཕ་ཡུལ་གྱི་ཡུལ་མི་ཚོའི་འབྱུང་འགྱུར་གྱི་མཛེས་སྡུག་འཚོ་བའི་སླད་དུ་རང་གི་ལང་ཚོའི་ཟིལ་ཤུགས་ངོམ་བཞིན་ཡོད། རེད་ཨང་། ཕ་ཡུལ་གྱི་ཁུག་སོ་རེ་རེ་ན་ཁོ་མོའི་བྱིས་དུས་ཀྱི་རྐང་རྗེས་རེ་རེ་ཡོད་ལ། མཚར་སྡུག་ལྡན་པའི་ནར་སོན་གྱི་གཏམ་རྒྱུད་རེ་རེ་ཡོད། དེ་བས། གནས་དེ་ན་རང་ཉིད་ཁོ་ན་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་བྱམས་སྐྱོང་གནང་མཁན་གྱི་ཕ་མ་སྤུན་མཆེད་ཡོད་ལ། གཞུང་དྲང་ཞི་དུལ་གྱི་གྲོང་པ་ཁྱིམ་མཚེས་ཀྱང་ཡོད་པས། ཁོ་མོས་ཕ་ཡུལ་ནི་རང་ཉིད་ཀྱི་བྱ་གཞག་གསར་གཏོད་ཀྱི་ཞིང་ས་གཤིན་པོར་བརྩི་དོན་ཡང་རྒྱུ་མཚན་མེད་པ་ག་ལ་ཡིན།

    “ཕྱིས་འབྱུང་། ངས་རང་དཔེ་གཞན་སྟོན་གྱིས་ཕ་ཡུལ་གྱི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་དེ་བས་མང་བའི་སྣེ་ཁྲིད་དེ་ལས་གཏོད་ཀྱི་ལམ་བུ་མཐའ་འཁྱོངས་དང་། དེ་བས་མང་བའི་ཞིང་འབྲོག་མང་ཚོགས་ལས་ཞུགས་ཐུབ་རྒྱུར་འབད་བརྩོན་བྱས་ཏེ། ཕ་ཡུལ་ངའི་ལས་གཏོད་ཀྱི་ཞིང་ས་གཤིན་པོར་འགྱུར་ཐུབ་པ་དང་། རང་ནུས་ཡོད་རྒུ་བཏོན་ནས་དུས་རབས་གསར་པའི་སློབ་ཆེན་སློབ་ཐོན་སློབ་མའི་བྱ་གཞག་གསར་གཏོད་ཀྱི་མིག་དཔེར་འགྱུར་ཐུབ་པ་བྱ་རྒྱུ་ཡིན”བཅར་འདྲི་མཇུག་འགྲིལ་ལ་ཉེ་ཁར། ཁོ་མོས་སྤོབས་སེམས་དང་སེམས་ཤུགས་ཆེན་པོས་གསར་འགོད་པར་དེ་ལྟར་བརྗོད་བྱུང་ལ། ང་ཚོས་ཀྱང་ཁོ་མོའི་བྱ་གཞག་གསར་གཏོད་ཀྱི་ལམ་བུ་སྔར་བས་ཇེ་ཡངས་དང་། རེ་བའི་ས་བོན་ལ་གཡུར་ཟའི་འབྲས་བཟང་སྨིན་པའི་སྨོན་འདུན་ཞུ་རྒྱུ་ཡིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།