[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་སྔར་བས་ཡངས་སུ་ཕྱིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-15

    ད་ཕན་ལོ་ཤས་རིང་། བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གིས་བསམ་གྲུབ་རྩེ་ཆུས་ཨུད་དང་ཆུས་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་ཚོགས་ཆུང་ཁག་བརྒྱད་པའི་རྒྱབ་སྐྱོར་དང་མཛུབ་ཁྲིད་འོག ཁོངས་གཏོགས་ས་ཁུལ་གྱི་མཉམ་ལས་ཁང་གི་ཐོན་ཁུངས་བསྡུ་སྒྲིལ་གྱིས“གདོང་དཀར་ཤང་བྱེ་མ་དམ་ཆེན་མཉམ་ལས་མཉམ་འབྲེལ་ཁང”བཙུགས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

    འགག་སྒྲོལ། དཔུང་སྒྲིལ་ཤུགས་འདོན་གྱིས་མཉམ་ལས་ཁང་རྒྱ་སྟོབས་ཆེ་རུ་བཏང་བ།

    2016ལོར། ཏང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་འབོད་བརྡ་གྲགས་མ་ཐག་གདོང་དཀར་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཏུའུ་ཀྲུང་ལེང་དོན་དེར་སེམས་ཁྲལ་ཆེན་པོ་བྱུང་། རྒྱུ་མཚན་ནི་ཕྱོགས་གཅིག་ནས་དབུལ་སྒྲོལ་འགག་སྒྲོལ་ནི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་དང་ཕྱོགས་གཞན་ཞིག་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་པས་སྐབས་ཤིག་རིང་ཁོང་ཅི་བྱ་གཏོལ་མེད་དུ་གྱུར།

    དེ་དུས་ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པ་གདོང་དཀར་ཤང་དུ་བརྟག་ཞིབ་བྱེད་པར་ཡོང་བ་དང་ཏག་ཏག་འཁེལ་བ་མ་ཟད། ད་དུང་གདོང་དཀར་ཤང་དུ་གྲོང་ཚོ་རིམ་པའི་མཉམ་ལས་ཁང་ཆེ་ཆུང་མི་འདྲ་བ་30ལྷག་ཙམ་ཡོད་རུང་ཚང་མ་ཁག་སོ་སོར་གྱེས་ཡོད་པ་ཤེས་རྟོགས་ཀྱང་བྱུང་། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པས་དཔུང་སྒྲིལ་ཤུགས་འདོན་གྱིས་མཉམ་ལས་མཉམ་འབྲེལ་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་པས་ཏུའུ་ཀྲུང་ལེང་གི་ཡིད་ངོར་དེ་མ་ཐག་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཇུས་བཟང་ཞིག་འཆར།

    གདོང་དཀར་ཤང་ཏང་ཨུད་དང་ཤང་སྲིད་གཞུང་གིས་འཕྲལ་དུ་ཤང་དེ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་སྐོང་བསྡུ་བྱས་ཏེ་མཉམ་ལས་མཉམ་འབྲེལ་ཁང་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་སྦྲགས་ཚང་མས་མཉམ་དུ་གྲོས་བསྡུར་བྱས་པ་བརྒྱུད། མཉམ་ལས་མཉམ་འབྲེལ་ཁང་འཛུགས་རྒྱུ་དེ་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པའི་ངོས་འཛིན་གཅིག་མཐུན་བྱུང་།

    དེ་ལྟར་གདོང་དཀར་ཤང་གིས་མཉམ་ལས་ཁང་མང་པོའི་ནང་ནས་འཛུགས་སྐྲུན་རུ་ཁག་དང་། ཞོག་ཁོག་འདེབས་འཛུགས། ནས་ལས་སྣོན་སོགས་འཕེལ་རྒྱས་ཀྱི་མདུན་ལམ་ཅུང་ཆེ་བའི་མཉམ་ལས་ཁང་9བདམས་ཏེ། 2017ལོའི་ཟླ་1ཚེས་22ཉིན་ཐོ་འགོད་མ་དངུལ་སྒོར་ཁྲི་752.06ཟིན་པའི་གདོང་དཀར་ཤང་བྱེ་མ་དམ་ཆེན་དེང་རབས་ཞིང་ལས་འཕེལ་རྒྱས་ཆེད་ལས་མཉམ་ལས་མཉམ་འབྲེལ་ཁང་དངོས་སུ་བཙུགས་པ་མ་ཟད། ད་དུང་གདོང་དཀར་ཤང་གི་ཉི་མ་དོན་གྲུབ་མཉམ་ལས་མཉམ་འབྲེལ་ཁང་གི་ལས་འཛིན་པར་བདམས།

    ལོ་གཅིག་ལྷག་ཙམ་རིང་མཉམ་ལས་མཉམ་འབྲེལ་ཁང་གིས་གྲོང་གསེབ་ཀྱི་འགྲོ་ལམ་དང་། ཆུ་བེད་ལས་གྲྭ་ཆུང་གྲས། ཤིང་འཛུགས་ནགས་བཟོ་སོགས་རྣམ་གྲངས་འགན་གཙང་བླངས་པར་ཁེ་བཟང་སྒོར་ཁྲི་400ལྷག་ཙམ་ཟིན།

    རང་བརྟེན། རྨང་གཞི་ཇེ་ལེགས་སུ་བཏང་ནས་ཐོན་ལས་ཀྱི་གྲུབ་ཆ་རིམ་བཞིན་བསྒྱུར་བ།

    “ཞོག་ཁོག་བཏབས་པ་ལས་ང་ལ་ཡོང་འབབ་མི་ཉུང་བ་ཞིག་བྱུང”ཞེས་གདོང་དཀར་ཤང་ཐང་དཔེ་གྲོང་ཚོའི་གྲོང་མི་ཤི་ལོག་ནོར་བུས་གསར་འགོད་པར་བཤད། ན་ནིང་ཁོང་གིས་ཞོག་ཁོག་མུའུ་20ཡས་མས་བཏབས་པར་མུའུ་རེ་ནས་ཐོན་ཚད་མང་ཤོས་ལ་རྒྱ་མ་7500ཟིན་ནས་ཡོང་འབབ་སྒོར་ཁྲི་30ཡས་མས་བྱུང་།

    མཉམ་ལས་མཉམ་འབྲེལ་ཁང་དེ་བས་འཕེལ་རྒྱས་ཡག་པོ་གཏོང་ཆེད། ཉི་མ་དོན་གྲུབ་ཀྱིས་མཉམ་ལས་མཉམ་འབྲེལ་ཁང་དེ་ཕྱོགས་གཉིས་ནས་འཕེལ་རྒྱས་གཏོང་བའམ་ཡང་ན་ཕྱོགས་མང་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུའི་སེམས་ཐག་བཅད་པ་སྟེ། ཤང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ཕྱོགས་གཅིག་ནས་འཛུགས་སྐྲུན་རུ་ཁག་ལ་ཞུགས་རྒྱུའི་ལྕག་སྐུལ་བྱ་རྒྱུ་དང་ཕྱོགས་གཞན་ཞིག་ནས་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དང་ལྷག་པར་དུ་གདོང་དཀར་ཞིང་དུད་ལ་ཞོག་ཁོག་འདེབས་རྒྱུའི་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དེ་རེད།

    མིག་སྔར་མཉམ་ལས་མཉམ་འབྲེལ་ཁང་གིས“གདོང་དཀར་གྱི་ཞོག་ཁོག”ཅེས་པའི་ཞིང་ལས་ཐོན་རྫས་ཀྱི་ཚོང་རྟགས་དང་སྤུས་རྟགས་ཐོ་འགོད་བྱས་པ་དང་། “གདོང་དཀར་གྱི་ཞོག་ཁོག”གི་ཐུམ་སྒྲིལ་ཤོག་སྒམ་བཟོས་པ། མཉམ་ལས་མཉམ་འབྲེལ་ཁང་གིས་གཅིག་གྱུར་ཐོག་ཕྱིར་ཚོང་བྱས་པ་དང་སྦྲགས་དེར་རིམ་བཞིན་སྐུལ་འདེད་བཏང་ཡོད། དེས་ན་གདོང་དཀར་ཤང་འདི་ཉིད་མིང་དོན་མཚུངས་པའི“ཞོག་ཁོག་ཤང”ཞིག་ཏུ་གྱུར་ཡོད།

    གཉིས་ཁེ། དངུལ་ཁུག་འབུར་དུ་དང་རིག་པ་སྤྱང་དུ་སོང་ནས་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་པ།

    “མཉམ་ལས་མཉམ་འབྲེལ་ཁང་ནང་ཞུགས་རྗེས་ང་ལ་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་3བྱུང་ནས་ངའི་དབུལ་ཞྭ་འབུད་ཐུབ་སོང”ཞེས་གདོང་དཀར་ཤང་ཆུ་དབར་གྲོང་ཚོའི་དུད་ཚང་དབུལ་པོའི་གྲོང་མི་བསོད་ནམས་དོན་གྲུབ་ཀྱིས་དགའ་བ་དཔག་མེད་ཀྱིས་བཤད།

    2017ལོར། གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དུས་ཆེན་སྐབས། གདོང་དཀར་ཤང་མཉམ་ལས་མཉམ་འབྲེལ་ཁང་གི་ཞོག་ཁོག་དང་། བོད་བཟོའི་ཁྱིམ་ཆས། བོད་ཆས། ནས་ཀྱི་ཐོན་རྫས་བཅས་ཚང་མར་ལོ་ལེགས་འབྲས་བཟང་བྱུང་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་དང་ཇེ་ཆེར་འགྲོ་བཞིན་མཆིས།

    མཉམ་ལས་མཉམ་འབྲེལ་ཁང་བཙུགས་རྗེས་མཉམ་ལས་མཉམ་འབྲེལ་ཁང་གིས“མཉམ་ལས་ཁང་དང་དུད་ཚང་དབུལ་པོ”ཟུང་དུ་་འབྲེལ་བའི་འཕེལ་རྒྱས་གཏོང་ཐབས་མཐའ་འཁྱོངས་བྱེད་པ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱེད་པ། དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ནང་འཕེལ་སྒུལ་ཤུགས་དང་རང་བརྟེན་ནུས་པ་ཇེ་ཆེར་གཏོང་བ། གདོང་དཀར་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མི་1510ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པ་བཅས་ལས་མཉམ་ལས་མཉམ་འབྲེལ་ཁང་གིས་གནད་སྨིན་དབུལ་སྒྲོལ་ལ་སྐུལ་ཁྲིད་བྱེད་པའི་ལམ་བུ་གསར་པ་ཞིག་འཚོལ་ཞིབ་རགས་ཙམ་བྱུང་།

    མང་ཚོགས་ཀྱི་དངུལ་ཁུག་འབུར་དུ་སོང་ནས་ཕྱུག་པོ་ཆགས་པ་དང་སྦྲགས་འདུ་ཤེས་ལའང་འགྱུར་ལྡོག་བྱུང་།

    ད་ཆ་གདོང་དཀར་ཤང་སྲིད་གཞུང་འདི་ཉིད་མཉམ་ལས་མཉམ་འབྲེལ་ཁང་ནས་རྦད་དེ་དོན་ནས་མཉམ་ལས་ཁང་དེ་ཉིད་སོ་སོས་འཕེལ་རྒྱས་དང་ཁྲོམ་ར་ཅན་གྱི་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

    “ཞིང་འབྲོག་པའི་མཉམ་ལས་ཁང་ནི་ཞིང་འབྲོག་པའི་ལས་དོན་བསྒྲུབ་ཕྱིར་ཡིན་པས་ང་ཚོས་དེ་བས་འབད་འཐབ་ཆེར་སྐྱེད་དང་ལག་གདང་དཔུང་འབྲེལ་གྱིས་འབྱོར་འབྲིང་ཕྱོགས་སུ་སྐྱོད་རྒྱུ་ཡིན”ཞེས་ཉི་མ་དོན་གྲུབ་ཀྱིས་བཤད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།