[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྤུར་རྒྱལ་བཙན་པོའི་ཕ་ཡུལ་རྒྱ་མའི་ད་ཆའི་བདེ་སྐྱིད་འཚོ་བའི་མན་ངག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-11

    མན་ངག་དང་པོ། ཐོན་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་ཁྲིད་བྱས་པ།

    རྒྱ་མ་ཤང་སྲིད་གཞུང་གནས་ཡུལ་དང་དེའི་འགྲམ་གྱི་ཁྲོམ་གཞུང་བསྐྱར་སྐྲུན་བྱེད་བཞིན་འདུག“རྒྱ་མ་ཤང་རང་སྐྱོང་ལྗོངས་ཀྱི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་20ཡི་དཔེ་སྟོན་ཁུལ་དང་པོའི་གྲས་ཤིག་ཡིན། ད་ཆ་ཁྱེད་ཚོས་མཐོང་ཐུབ་པ་ནི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུའི་སྤྱིའི་བཀོད་པ་གཞིར་བཟུང་ལག་ལེན་བསྟར་ཏེ་མ་རྩ་སྒོར་ཁྲི་1400ལྷག་ཙམ་བཏང་བའི་རྣམ་པ་སྒྱུར་བཀོད་ཀྱི་ལས་གྲྭ་ཞིག་ཡིན་པ་དང་དེའི་ནང‘གོས་བཀླུབས་ཞྭ་གྱོན’གྱི་ལས་གྲྭ་དང་། གཞུང་ལམ་མཁྲེགས་འགྱུར་དང་སྔོ་འགྱུར། ཆར་ཆུའི་མདོང་ལམ་སྒྱུར་བཀོད་ལས་གྲྭ་སོགས་ཚུད་ཡོད”ཅེས་རྒྱ་མ་ཤང་གི་ཤང་ཀྲང་ཝང་ཞའོ་ཧྥེང་གིས་ངོ་སྤྲོད་བྱས།

    དུས་རབས་གསར་པར་སླེབས་པ་དང་རྒྱ་མ་ཤང་གིས་གཏེར་ལས་ཐོན་རྫས་དང་། ས་གཙང་བདེ་ཐང་། ཡུལ་སྐོར་བཅས་ཐོན་ལས་ཆེན་པོ་གསུམ་གྱི་འཕེལ་རྒྱས་ཀྱི་བཀོད་ཇུས་ལ་དམ་འཛིན་བྱས་ཏེ་ཐོན་རྫས་དང་གྲོང་ཁྱེར་དང་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་དང་དེང་རབས་ཞབས་ཞུའི་ལས་རིགས་འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། ལས་ཞུགས་དང་སྡོད་མལ་ལ་འཚམ་པའི་སྒོ་ནས་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ། སྟབས་བདེ་བ་དང་། ཁོར་ཡུག་མཛེས་པ། ཞབས་ཞུ་ཆ་ལག་ཚང་བ་བཅས་ཀྱི་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་གསར་པ་བཏོད་པ་བཅས་བྱས་པ་རེད།

    ལོ་10ཡི་གོང་གཞུང་ཁོངས་ཁེ་ལས་ཆེ་གྲས་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་རྒྱ་མ་ལུང་ཤུར་ཤར་མར་གཞིས་ཆགས་པ་དང་། དེ་རྗེས་ཁེ་ལས་ཆེ་གྲས་བོད་ལྗོངས་ཅུས་ལུང་ཟངས་གཏེར་ལས་རིགས་ཚད་ཡོད་ཀུང་སི་རྒྱ་མ་ལུང་ཤུར་ནུབ་མར་བཅའ་སྡོད་བྱས་པས། གཏེར་ལས་འཕེལ་རྒྱས་མྱུར་པོ་བྱུང་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ཡོད།

    འདི་ལོ་ལོ་54སླེབས་པའི་ཙི་ཙི་རོང་གྲོང་ཚོའི་གྲོང་མི་མཚོ་ཚེ་རིང་ནང་མི་དང་བཅས་པ་ལོ་10ཡི་གོང་ས་བབ་མཐོ་ཚད་སྨི་4000ལྷག་ཙམ་གྱི་ལུང་ཤུར་དུ་འབྲོག་ལས་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། སྔོན་མ་བུ་ཐུབ་བསྟན་བཀྲ་ཤིས་ཀྱིས་རྫོང་གྲོང་ཉེ་འགྲམ་གྱི་ཡུར་བཟོ་ཁྲོན་འདྲུ་སོགས་ཀྱི་ལས་གྲྭ་ཆུང་གྲས་འགན་གཙང་བླངས། རྫོང་དང་ཤང་གི་རྒྱབ་སྐྱོར་འོག་ཐུབ་བསྟན་བཀྲ་ཤིས་ཀྱིས་ལོ་4ཡི་གོང་གྲོགས་པོ་ངག་ལེགས་དང་མཉམ་དུ་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་པ་དང་། ས་ཆ་བསྡུ་ལེན་གྱི་ཁ་གསབ་དངུལ་དང་ཕ་ལམ་དངུལ་བྱང་གི་ཡིད་རྟོན་དངུལ་བུན་གཡར་ནས་སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་བཏང་སྟེ་བརྐོ་འདྲུའི་འཕྲུལ་འཁོར་དང་སྐྱེལ་འདྲེན་རླངས་འཁོར་སོགས་ཉོས་ཏེ་གྲོང་མི་སྒྲིག་འཛུགས་ཀྱིས་ལས་གྲྭ་དང་སྐྱེལ་འདྲེན་ལས་ལ་གཞོལ་བས་ན་ནིང་ཡོང་འབབ་སྒོར་ཁྲི་70བྱུང་བ་རེད།

    “མིག་སྔར་ཤང་ཡོངས་སུ་གཏེར་ཁ་སྐྱེལ་འདྲེན་རླངས་འཁོར་270ལྷག་ཙམ་ཡོད་པ་དང་རླངས་འཁོར་ཆེ་ཆུང་ཚང་མ་བསྡོམས་ན་ཆིག་སྟོང་ལ་ཉེ་བ་ཡོད་པ་མ་ཟད། མི་སེར་ཚོས་ཕུང་ཐན་དཔའ་ཏའོ་རྟགས་ཅན་གྱི་རླངས་འཁོར་ཉོས་ནས་སྒེར་འཁོར་བྱས་པའང་ཉུང་ཉུང་མིན། 2017ལོར་རྒྱ་མ་ཤང་གི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་16507ཟིན་པ་དང་ཐོན་ལས་དབུལ་སྐྱོར་གྱིས་གཙོས་པའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་རྫོང་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད”ཅེས་ཝང་ཞའོ་ཧྥེང་གིས་དེ་ལྟར་བཤད།

    2009ལོར་བོད་ལྗོངས་ཧྭ་ཐའེ་ལུང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སིས“ཁེ་ལས་དང་ཞིང་དུད”ཟུང་འབྲེལ་གྱི་གསར་སྤེལ་བྱེད་སྟངས་ཐོག་མར་གཏོད་པ་དང་། མ་དངུལ་སྒོར་ཁྲི་1900བཏང་ནས་རྒྱ་མ་ཤང་གི་དེ་སྔའི་རླངས་འཁོར་རུ་ཁག་ཉོས་པ་མ་ཟད། མ་དངུལ་སྔོན་ལ་སྤྲད་ནས་ཤང་ཡོངས་ཀྱི་གྲོང་མི་ཚང་མ་མ་རྐང་ནང་ཞུགས་སུ་བཅུག་སྟེ་རྒྱ་མའི་བཟོ་ལས་ཚོང་དོན་ཀུང་སི་བཙུགས་ནས་གཏེར་ཁ་དབོར་འདྲེན་དང་། སྔོ་འགྱུར་ཁོར་ཡུག་སྲུང་སྐྱོང་། ངལ་རྩོལ་འགན་གཙང་སོགས་ལས་སྒོའི་འགན་འཁུར་ནས་བསྡོམས་ཡོང་འབབ་སྒོར་དུང་ཕྱུར་3.7ལྷག་ཙམ་བསགས་ཡོད། ཁེ་ལས་འཕེལ་རྒྱས་ཕྱིན་པ་དང་། མི་སེར་ལ་དངོས་ཕན་ཐོབ་པ། ས་གནས་དཔལ་འབྱོར་སྐས་རིམ་ཐོག་སླེབས་པ་བཅས་ཕྱོགས་གསུམ་ཀར་ཕན་པ་ཐོབ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།