[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡངས་པ་ཅན་ས་འོག་ཚ་ནུས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཀྱི“ལྗང་མདོག་འཕེལ་རྒྱས”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-06-13

    521444_yis_1528781273075.jpg

     ལང་ལོང་དུ་འཕྱུར་བའི་ཡངས་པ་ཅན་ས་འོག་ཚ་ནུས་དེ་ཁ་བས་བཀླུབས་པའི་རི་ཚོགས་ཁྲོད་ཉམས་དགའི་ངང་གནས་ནས་མི་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའི“འཛམ་གླིང་ཡང་རྩེའི”ངོ་མཚར་ཆེ་བའི་རང་བྱུང་མཛེས་ལྗོངས་ཤིག་ཏུ་གྱུར་པར་བརྟེན་ཡངས་པ་ཅན་འདི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།

    1.ས་འོག་གི་ཚ་ནུས་ལང་ལོང་དུ་འཕྱུར་བས་རེ་བ་གསར་པ་སྦྱིན།

    ལྷ་ས་ནས་སྤྱི་ལེ་དགུ་བཅུ་ཙམ་གྱི་སར་གནས་པའི་ཡངས་པ་ཅན་ལ་ཉི་འོད་དྲོ་ཞིང་རྩྭ་ཆུ་བཟང་། ཉེ་བའི་ལོ་ཤས་རིང་། ཡངས་པ་ཅན་གྲོང་རྡལ་གྱིས་ས་ཁོངས་ཀྱི་ལེགས་ཆར་གཞིས་ཚུགས་ནས་ཕུན་སུམ་ཚོགས་པའི་ས་འོག་ཚ་ནུས་དང་ཆུ་ཚན་ཐོན་ཁུངས་རྨང་གཞིར་བྱེད་པ་དང་། ས་བབ་ཀྱི་ལེགས་ཆ་དང་། འགྲིམ་འགྲུལ་གྱི་ཆ་རྐྱེན། ཡུལ་སྐོར། ཆུ་ཚན་བཅས་ཀྱི་ཐོན་ལས་ཀྱི་རྨང་གཞིར་བརྟེན་ཏེ་ས་འོག་ཚ་ནུས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ཤིག་བསྐྲུན་ཡོད།

    ཉིན་མཚན་མེད་པར་ཚ་ནུས་དགུང་དུ་འཕྱུར་བ་དེས་ཡངས་པ་ཅན་གྲོང་རྡལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་ཤིག་འཕྲད། 1974ལོར་རྒྱལ་ཁབ་ཀྱིས་ཡངས་པ་ཅན་ས་འོག་ཚ་ནུས་གསར་སྤེལ་བྱ་རྒྱུ་དེ་ཚན་རྩལ་འགག་སྒྲོལ་གྱི་རྣམ་གྲངས་གཙོ་བོ་ཞིག་ཏུ་བརྩིས་པ་དང་། 1976ལོར་རང་རྒྱལ་གྱི་སྐམ་ས་ཆེ་མོའི་ཐོག་གི་ཀྲའོ་ཝ་རིམ་པའི་ས་འོག་ཚ་ནུས་ཀྱི་གློག་གཏོང་འཕྲུལ་འཁོར་ཐོག་མ་བཙུགས་ནས་གློག་བཏང་ཡོད། ད་ཆ་ཡངས་པ་ཅན་གྱི་གཤོང་སའི་ཐོག་ས་འོག་ཚ་ནུས་ཀྱི་གྲོང་རྡལ་གསར་རྐྱང་ཞིག་སྐྱེ་སྟོབས་ཀྱི་དཔལ་འབར་ནས་ནུས་རྒྱུ་གསར་པའི་གློག་ཤུགས་ཐོན་ལས་གཙོས་པའི་ཐོན་ལས་དང་གྲོང་རྡལ་གཞི་གཅིག་ཅན་གྱི་འཕེལ་རྒྱས་བྱུང་ནས་ཉེ་འཁོར་གྱི་ས་ཁུལ་ལ་ལེགས་ཆ་གསབ་རེས་ཐུབ་སྟེ་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་རྟེན་གཞི་ཞིག་བསྐྲུན་ཏེ་ས་འོག་ཚ་ནུས་ཀྱིས་གློག་གཏོང་བ་དང་ས་འོག་ཚ་ནུས་ཀྱི་ཚན་རྩལ་གསར་སྤེལ་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།

    བོད་ཀྱི་ཡངས་པ་ཅན་ས་འོག་ཚ་ནུས་རྒྱལ་སྤྱིའི་སྒར་ས་ཆེན་པོར(དགུང་སྔོན་ཡུལ་ཁམས་རྣམ་གྲངས)སྐྱོད་པའི་སྐབས། ས་ཁྱོན་མུའུ་600ཟིན་པའི་མཛེས་ལྗོངས་ཁུལ་དུ་བྲག་རྡོ་ཆེན་པོ་ཞིག་གིས་མཛེས་པར་བརྒྱན་པའི་ཁར་ཐོག་མེད་ལུས་འཁྲུའི་རྫིང་དང་། འཕྱོ་གཡེང་རྫིང་། མིས་བཟོས་ཆུ་ཚན་སོགས་མྱོང་རོལ་བྱ་ཡུལ་བསྐྲུན་ཟིན་པ་མཐོང་བྱུང་། དགུང་སྔོན་ཡུལ་ཁམས་རྣམ་གྲངས་ཞེས་པ་ནི་ཡངས་པ་ཅན་གྲོང་རྡལ་གྱིས་ས་འོག་ཚ་ནུས་ནས་གློག་བཏང་བའི་རྗེས་ཀྱི་ཆུ་སྙིགས་དང་རླངས་རོ་འཁོར་སྐྱོད་བེད་སྤྱོད་དང་སྙིགས་རོ་ནོར་བུར་བསྒྱུར་ཐབས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་ཤིག་ཡིན། དེ་ནི་ས་འོག་ཚ་ནུས་ཀྱི་རིག་གནས་དང་། ཆུ་ཚན་བརྒྱབ་ནས་སོས་དལ་ལུས་གསོ། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་ཁར་དགུང་སྔོན་ཡུལ་ཁམས་འགྲིམ་པའི་ཉིན་གཅིག་གི་ཡུལ་སྐོར་ལམ་ཐིག་ཅིག་ཡིན་པ་རེད།

    521447_yis_1528781274057.jpg

    ཡངས་པ་ཅན་གྱི་ས་འོག་ཚ་ནུས་ཀྱི་མགྲོན་ཁང་ཡིན་པ།

    2.ཐོན་ལས་གཅིག་ཏུ་བསྡུས་པས་སྒུལ་ནུས་གསར་པ་འཕེལ་བ།

    ཐོན་ལས་ནི་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་གཏོང་བའི་གསོན་ཤུགས་ཡིན་པ་དང་། ཁྱད་ཆོས་ནི་ཐོན་ལས་འཕེལ་རྒྱས་གཏོང་བའི་འགྲན་རྩོད་ནུས་པ་རེད། ཡངས་པ་ཅན་གྱི་ཁྱད་ལྡན་གྲོང་རྡལ་ཆུང་གྲས་ནི་ཁྱད་ཆོས་མངོན་གསལ་དོད་པའི་ནུས་རྒྱུ་གསར་པ་དང་། དེང་རབས་ཀྱི་འབྲོག་ལས། ཡུལ་སྐོར་ལས་རིགས་བཅས་གཙོ་ཁྲིད་ཐོན་ལས་མཐའ་འཁྱོངས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་ཐོན་ལས་དཔེ་སྟོན་ཁུལ་དང་རྒྱལ་ཡོངས་སུ་སྐད་གྲགས་ཆོད་པའི་ས་འོག་ཚ་ནུས་ཀྱི་ས་གཤིས་སྣོད་བཅུད་ཡུལ་སྐོར་བྱ་ཡུལ་དང་ཕྱི་རོལ་དུ་འགྲོ་སའི་གནས་ཁྱད་པར་ཅན་ཞིག་ཏུ་བཏོད་དེ་འགྲན་རྩོད་ནུས་པ་ལྡན་པའི་ཁྱད་ལྡན་ཐོན་ལས་ཤིག་ཏུ་སྐྱེད་སྲིང་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་བར་བརྟེན་ཏེ་གྲོང་གསེབ་གསར་པ་བསྐྲུན་པའི་ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད།

    ཡངས་པ་ཅན་དེ་ཞིང་ཆེན་གཞུང་ལམ་304དང་མཚོ་བོད་གཞུང་ལམ་གྱི་འགྲིམ་འགྲུལ་འགག་མདོར་གནས་པ་དང་། ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་ཀྱི་བསྐྱོད་མཚམས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་ལྷོ་ཕྱོགས་དང་། བྱང་ཕྱོགས་སྦྲེལ་བའི་ལྟེ་བའི་འགྲུལ་བཞུད་བྱ་ཡུལ་ཞིག་ཀྱང་ཡིན། སྔོན་མ་དེར་བོད་བྱང་ཐང་གི་ཚྭའི་ཁལ་མ་བསྐྱོད་སའི་གནའ་བོའི་ས་ཚིགས་གལ་ཆེན་ཞིག་འཁེལ་གྱི་ཡོད།

    འདི་ལོ་ལོ་64ལ་སླེབས་པའི་སྲི་ཆོད་པ་སངས་ནི་ཡངས་པ་ཅན་གྲོང་རྡལ་བྱ་མ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན། ཁོང་གིས་ཡུལ་མི་རྣམས་ཀྱི་སྣེ་ཁྲིད་དེ་བོད་བྱང་ཐང་དུ་ཚྭའི་ཁལ་མ་འདེད་པར་འགྲོ་མྱོང་ཡོད། སྲི་ཆོད་པ་སངས་ཀྱིས་ཕྱིར་དྲན་བྱས་པ་ལྟར་ན། ལོ་40ཡི་གོང་ཡངས་པ་ཅན་གྲོང་རྡལ་དེ་གཞུང་ལམ་གྱི་ཉེ་འགྲམ་དུ་གནས་ཀྱང་། དེ་དུས་གཞུང་ལམ་དེ་ཙམ་བདེ་པོ་མེད། “ཆུ་བོར་ཟམ་པ་མེད་པ་དང་། ཕྱིར་འགྲོ་དུས་རྟ་བཞོན་དགོས་པ། སྡོད་སའང་སྦྲ་གུར་ནང་ཡིན་པ་མ་ཟད། རྩམ་པས་གྲོད་པ་མི་རྒྱགས་པའི”འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་རེད། “ད་ཆ་ཡངས་པ་ཅན་གྲོང་རྡལ་གྱི་དུད་ཚང་གང་རུང་དུ་བསྐྱོད་ཚེ་ཟས་གོས་སྡོད་གསུམ་ཐད་འཕོ་འགྱུར་ཆེན་པོ་བྱུང་བའི་ཚོར་སྣང་བྱུང་སྲིད། དེ་དག་ཐམས་ཅད་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ཡིན”ཞེས་སྲི་ཆོད་པ་སངས་ཀྱིས་མྱོང་ཚོར་ཟབ་མོའི་ངང་བཤད།

    ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བསྐྲུན་ནས་གྲོང་རྡལ་ཁུལ་གྱི་ཞག་སྡོད་བཟའ་བཏུང་དང་། ཡུལ་སྐོར་ཚོང་ཁང་། སྨན་བཅོས་རོགས་སྐྱོབ་སོགས་ཀྱི་ཡུལ་སྐོར་ཞབས་ཞུའི་བྱེད་ནུས་ཁག་འཐུས་སྒོ་ཚང་དུ་སོང་བ་དང་། གྲོང་རྡལ་ཁུལ་ཧྲིལ་པོའི་མཛེས་ལྗོངས་ཆེས་ཆེར་ལེགས་སུ་ཕྱིན་ནས་ནུས་རྒྱུ་གསར་པའི་ཉེར་སྤྱོད་དཔེ་སྟོན་དང་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་དུ་སོང་བ། ཆུ་དཔྱད་འདམ་རའི་སྣོད་བཅུད་སྲུང་སྐྱོང་ཐུབ་ནས་འབྲོག་པའི་སྤྲོ་སྐྱིད་ཁང་དང་། རྟ་རྒྱུག་དུས་ཆེན། རྩྭ་ཐང་གི་མེ་ཕུང་མཚན་ཚོགས་སོགས་རྩྭ་ཐང་གི་དམངས་སྲོལ་མྱོང་རོལ་བྱེད་སྒོ་ཧུར་ཐག་སྤེལ་ཐུབ་པ་བྱུང་ཞིང་། 2030ལོར་སླེབས་སྐབས་ཡངས་པ་ཅན་ཉིད་མཚོ་བོད་གཞུང་ལམ་གྱི་མཛེས་ལྗོངས་ལ་ལྟ་བའི་ལམ་ཐིག་ཡུལ་སྐོར་བྱ་ཡུལ་དང་ཞབས་ཞུའི་རྟེན་གཞི་གཙོ་བོ་ཞིག་ཏུ་འཕེལ་རྒྱས་འགྲོ་རྒྱུ་རེད།

    521446_yis_1528781273699.jpg

    ཚྭ་ཆུ་ཐང་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོས་དུད་ཚང་གི་ལོ་52ལ་སླེབས་པའི་བཀྲ་ཆོས་དང་བུ་མོས་བཙུགས་པའི་ཇ་ཁང་ནས་བཏུང་བྱ་འཚོང་བཞིན་པ།

    3.འཚོ་སྡོད་དང་ལས་གཏོད་ཐུབ་ནས་འཚོ་བ་གསར་པར་རོལ་བ།

    ཡངས་པ་ཅན་གྲོང་རྡལ་གྱིས་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྒྱུར་བཀོད་ཀྱི་འདུ་འགོད་ལག་ལེན་བསྟར་ནས་ཞི་མཐུན་དང་འཚོ་སྡོད་རུང་བའི་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་གཏོད་རྒྱུར་གཞོལ་ཡོད། ཁམས་གཙང་གི་ཁྱིམ་གཞིས་གཏོད་པའི་བྱེད་སྒོ་སྤེལ་ཏེ་བཀོད་པ་གཙང་བ་དང་། ཁོར་ཡུག་ལེགས་པ། སྒྲིག་ལམ་ལྡན་པ་བཅས་ཀྱི་སྡོད་མལ་ལ་འཚམ་པའི་ཁོར་ཡུག་ཅིག་བསྐྲུན་ཡོད། གྲོང་རྡལ་ས་ཁོངས་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ལྟེ་བའི་གྲོང་རྡལ་ཉིད་རིམ་པ་དང་པོའི་ཡུལ་སྐོར་ཞབས་ཞུའི་སྣེ་ལེན་ཁུལ་དུ་བརྩིས་ཏེ་ཡངས་པ་ཅན་གྲོང་རྡལ་དེ་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གྲོང་ཁྱེར་གྱི“ཚོམས་ཆེན”ཞིག་གཏོད་དེ་འཆར་འགོད་ལུགས་དང་མཐུན་པ་དང་། བཀོད་པ་འོས་ཤིང་འཚམ་པ། ཁོར་ཡུག་མཛེས་པ་བཅས་ཀྱི་ཡིད་འོང་གྲོང་རྡལ་ཞིག་ཏུ་བསྐྲུན་ཡོད།

    ཚྭ་ཆུ་ཐང་གྲོང་ཚོ་ནི་ཡངས་པ་ཅན་གྱི་གནད་སྨིན་དབུལ་སྐྱོར་གྱི་གྲུམ་བུའི་ནད་པ་གཅིག་སྡུད་གནས་སྤོའི་བཀོད་སྒྲིག་བྱ་ཡུལ་གྱི་རྣམ་གྲངས་ཤིག་ཡིན་པ་དང་། དེར་སྡོད་མཁན་ནག་ཆུ་དང་། མངའ་རིས། ཆབ་མདོ་བཅས་ས་ཁུལ་དང་གྲོང་ཁྱེར་གསུམ་ནས་དབུལ་སྐྱོར་གནས་སྤོ་བྱས་པའི་ཐེམ་དུད་མི་གྲངས་625ཡོད། འཛུགས་ཕྱི་ཤོས་ཀྱི་ཡངས་པ་ཅན་གྱི་གྲོང་ཚོ་ཞིག་ཡིན་པའི་ངོས་ནས་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་སྒོ་ཚང་བར་བརྟེན་གློག་དང་། བརྙན་འཕྲིན། ཁ་པར། རང་བྱུང་སོལ་རླངས། ཆུ་ཀ་ལ། ཆུ་ཚན་བཅས་ཚང་མ་ཡོད་པ་རེད།

    བཀྲ་ཆོས་ནང་མི་བདུན་སྨི་ངོས་གྲུ་ཁྲི་120ལྷག་ཟིན་པའི་སྒོ་ར་ཅན་གྱི་ཁང་པ་ཉིས་ཐོག་ནང་སྡོད་པ་དང་། འོག་ཤོད་ལ་ཟ་ཁང་བཙུགས་པ་དང་སྟེང་ལ་མི་སྡོད་ཀྱི་ཡོད། ལོ་52ལ་སླེབས་པའི་བཀྲ་ཆོས་དང་བུ་མོས་ཟ་ཁང་གཉེར་བར་ཉིན་རེར་ཉུང་མཐར་ཡང་ཡོང་འབབ་སྒོར་200ཡོང་གི་ཡོད།

    རྩྭ་ཐང་ནི་འབྲོག་པ་ཚོའི་འཚོ་རྟེན་ཡིན་པ་དང་བཀོད་སྒྲིག་བྱ་ཡུལ་དུ་སྡོད་མཁན་འབྲོག་པ་ཕལ་མོ་ཆེར་ཕྱུགས་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་བརྟེན་ཡངས་པ་གྲོང་རྡལ་གྱིས་དུད་ཚང་རེར་ལུག་15ཡི་ཚད་གཞི་ལྟར་ལུག་གྲངས་2250དུས་ཐུང་རྒྱགས་གསོ་བྱེད་པའི་རྣམ་གྲངས་ལག་ལེན་བསྟར་ཡོད།

    “ང་ཚོའི་གྲོང་རྡལ་ཁོངས་ཀྱི་གྲོང་ཚོ་ཨུ་ལྷན་2དང་གྲོང་མི་ཨུ་ལྷན་1གིས་རང་ཉིད་ཀྱི་ཁྱད་ཆོས་ལ་གཞིགས་ནས་ས་འོག་ཚ་ནུས་དང་སྣོད་བཅུད་ཡུལ་སྐོར་འཕེལ་རྒྱས་གཏོང་བའམ་ཡང་ན་འབྲོག་ལས་རྐྱང་པའི་ཡུལ་སྐོར་འཕེལ་རྒྱས་བཏང་བར་ལོར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.5ཙམ་ཡོང་གི་ཡོད། ཚྭ་ཆུ་ཐང་གྲོང་ཚོའི་མང་ཚོགས་ཐོག་མར་སྤོས་ཡོང་བའི་སྐབས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཧ་ཅང་ཞན་པར་བརྟེན་ཡངས་པ་ཅན་གྲོང་རྡལ་གྱིས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཁྱད་ལྡན་དཔལ་འབྱོར་གྱི་ཡོང་འབབ་མང་དུ་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ནས་ཚྭ་ཆུ་ཐང་གྲོང་ཚོ་སྣེ་ཁྲིད་དེ་གཞན་གྱི་རྗེས་ཟིན་པ་བྱ་རྒྱུ་ཡིན”ཞེས་ཡངས་པ་ཅན་གྲོང་རྡལ་གྱི་ཀྲེན་ཀྲང་ལན་ཧུད་ཀྱིས་བཤད།

    521445_yis_1528781273340.jpg

     བྱ་མ་གྲོང་ཚོའི་ཕྱུག་འགྱུར་སྣེ་འཁྲིད་པ་སྲི་ཆོད་པ་སངས་དང་ནང་མི་ཚོ་དགའ་བདེར་རོལ་ནས་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་ལོངས་སུ་སྤྱོད་བཞིན་ཡོད་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།