[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚན་རྩལ་དར་བས་ཚལ་སྣ་འཛོམས། དངུལ་སྨར་ཡོང་འབབ་ཆུ་རྒྱུན་བཞིན།

    —— ལྷ་ས་གྲོང་ཁྱེར་ཡབ་མདའ་ཤང་གི་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་པར་འབབ་འཕར་ཡོང་རོགས་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-08

    ལྷ་ས་དང་བར་ཐག་སྤྱི་ལེ་17ཙམ་ཆོད་པའི་སར་ངོ་མཚར་ཅན་གྱི་གནས་ཤིག་ཡོད་པ་དེ་ནི་ཡབ་མདའ་ཤང་གི་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་གླིང་ཡིན་ཞིང་། དེ་ནི་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་། ཞིང་འབྲོག་ལས་ཀྱི་ནུས་པ་ཆེ་རུ་གཏོང་བ། ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་བཅས་ཀྱི་དམངས་འཚོའི་རྣམ་གྲངས་དང་བོད་སྐྱོར་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་བསྐྲུན་པར་ཁྱོན་མ་དངུལ་སྒོར་ཁྲི་3467བཏང་བ་དང་། རྒྱ་ཁྱོན་མུའུ་865ཟིན་པ། ནུས་ཆེའི་ཉི་འོད་དྲོད་ཁང་སྟར་པ་360བརྒྱབ་ཅིང་། ད་ཆ་སྔོ་ཚལ་དང་། ཀྭ་རིགས། བཟའ་བཅའི་ཤ་མོ། བོད་སྨན་གྱི་སྨན་རྒྱུ། མེ་ཏོག་བཅས་རིགས་ཆེན་པོ་ལྔ་ཡི་སྣ་ཁ་40ལྷག་ཙམ་བཏབ་ཡོད། པེ་ཅིང་གིས་རོགས་སྐྲུན་བྱས་པའི་དཔེ་སྟོན་གླིང་དེས་ལོ་རེར་སྤྱི་གནོད་མེད་པའི་སྔོ་ཚལ་སྤྱི་རྒྱ་ཁྲི་360ཡན་ཐོན་སྐྱེད་བྱས་ནས་ལྷ་སའི་གྲོང་མིར་སྔོ་ཚལ་སོས་པ་སྣ་ཁ་36མཁོ་འདོན་བྱེད་པ་མ་ཟད། ད་དུང་གླིང་དེའི་ཉེ་འགྲམ་གྱི་ཞིང་དུད་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུར་སྐུལ་ཁྲིད་ཀྱང་བྱེད་ཀྱི་ཡོད།

    2016ལོར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་ཤང་ཁོངས་གཏོགས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ཞིང་འབྲོག་པར་ཡོང་འབབ་སྔར་བས་མང་བ་ཡོང་ཆེད། ཡབ་མདའ་ཤང་དང་དེ་བཞིན་མཐའ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐད་ཀྱི་གླིང་དེའི་སྐུལ་ཁྲིད་དང་ཁྱབ་འགྱེད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། གླིང་གི་དོན་དངོས་དང་ཟུང་འབྲེལ་གྱིས་ཡབ་མདའ་ཤང་གི་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ཞིང་འབྲོག་མང་ཚོགས་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གླིང་དེར་དོ་དམ་བྱེད་དུ་བཅུག་པ་མ་ཟད། ད་དུང་ཞིང་སྤྱོད་དངོས་རྫས་གཅིག་གྱུར་ཉོ་སྒྲུབ་དང་། གཅིག་གྱུར་ཕྱིར་ཚོང་། གཅིག་གྱུར་འདེབས་འཛུགས་བཅས་བྱས་པ་བརྒྱུད་ཉེན་ཁ་འགོག་པའི་ཞིང་དུད་ཀྱི་ནུས་པ་ཆེ་རུ་བཏང་ཡོད།

    ཡབ་མདའ་ཤང་གི་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞིང་འབྲོག་པར་འབབ་འཕར་ཡོང་རྒྱུ་གཙོ་གནད་དུ་བྱས་ཏེ། “འབེན་བཙུགས་ནས་ཁ་ཕྱོགས་གཏན་འཁེལ”བྱེད་པ་དང“གཞན་བརྟེན”དང“རང་བརྟེན”ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུད་ཚང་དབུལ་པོ་དབུལ་སྒྲོལ་དང་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྒུལ་ཤུགས་ཟམ་མི་ཆད་པར་བསྣན་ཡོད།

    ཐོན་ལས་དབུལ་སྐྱོར་གྱི་ལམ་བུ་གསར་པ་གཏོད་ཆེད། དཔེ་སྟོན་གླིང་དང་མཉམ་ལས་ཁང་གིས་ཕྱོགས་མང་པོ་ནས་ཚོད་ལྟ་བྱས་པ་སྟེ། གཅིག་ནས་ལས་སྙེགས་རྣམ་པའི་གསོ་སྦྱོང་བྱས་ཤིང་། སྟོད་ལུང་བདེ་ཆེན་ཆུས་སྲིད་གཞུང་གིས་པེ་ཅིང་གི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱས་པ་བརྒྱུད། ས་གནས་དེ་གའི་ཞིང་པ་སྒྲིག་འཛུགས་བྱས་ཏེ་པེ་ཅིང་གི་སྒྲིག་བཀོད་ཞིང་ལས་གླིང་དུ་སློབ་སྦྱོང་བྱེད་པར་བཏང་ནས་ས་གནས་དེ་གའི་ཞིང་པར་ཚལ་རིགས་འདེབས་སྐབས་འཕྲད་པའི་ལག་རྩལ་དང་དོ་དམ་ཐད་ཀྱི་དཀའ་གནད་བསལ་བ་དང་། གཉིས་ནས་པེ་ཅིང་གི་རིགས་གཅིག་མཁས་ཅན་སློབ་ཁྲིད་དང་མཛུབ་སྟོན་བྱེད་པར་གདན་དྲངས་པ་མ་ཟད་རྒྱུན་རྣམ་ཅན་དུ་བསྒྱུར་བ། གསུམ་ནས་གནད་སྨིན་འཐུས་ཚང་དང་ལག་རྩལ་གསར་པ་ཡོད་པའི་ཁེ་ལས་བཙལ་ཏེ་མ་འཇོག་གི་རྣམ་པའི་ཐོག་ནས་མཉམ་ལས་བྱས་པ་བཅས་རེད།

    ཡབ་མདའ་ཤང་གི་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བ་ལི་ཕུང་ཧུའེ་ཡིས་ངོ་སྤྲོད་བྱས་པར། མཉམ་ལས་ཁང་ཐོག་མར་འཛུགས་དུས་ནས“ཞིང་པར་ཞབས་འདེགས་ཞུ་རྒྱུ་གཙོ་བོར་འཛིན་པ་དང་། ཞིང་པའི་ཁེ་ཕན་གོང་དུ་བཀུར་བ། མཉམ་ལས་ཁང་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་བྱེད་པ”བཅས་ཀྱི་འདུ་ཤེས་འཛིན་ཏེ“མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་གཏོང་སྟངས་སྤྱད་ཅིང་། ས་ཞིང་བརྒྱུད་བཤུག་དང་། ལས་ཞུགས་བརྟན་པོ། ཐོན་ལས་རོགས་སྐྱོར་སོགས་བྱེད་ཐབས་སྣ་ཚོགས་ཐོག་ནས་མཐའ་འཁོར་གྱི་ཞིང་དུད་ལ་སྐུལ་ཁྲིད་བྱས་ཏེ་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱས་ཡོད། མཉམ་ལས་ཁང་གིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་42ཀྱི་མི་168ལ་སྐུལ་ཁྲིད་ཀྱིས་ཐད་ཀར་ཕན་པ་ཐོབ་པར་བྱས་ཡོད། དེ་དང་ཆབས་ཅིག་མཉམ་ལས་ཁང་གིས་ད་དུང་རང་ངོས་ཀྱི་ལེགས་ཆར་བརྟེན་ནས་མཐའ་འཁོར་གྱི་གྲོང་ཚོར་ཐོན་ལས་རོགས་སྐྱོར་བྱས་པས། 2016ལོ་དང་2017ལོ་གཉིས་བསྟུད་མར་ཡབ་མདའ་ཤང་སྤང་ཕུ་གྲོང་ཚོའི་གནད་སྨིན་དབུལ་སྐྱོར་བྱ་ཡུལ་དུད་ཚང་31ལ་ལོ་རེར་དུད་ཚང་རེར་འབབ་འཕར་སྒོར་8525བྱུང་ཡོད།

    ལོ་ཁ་ཤས་འཛུགས་སྐྲུན་བྱས་པ་བརྒྱུད། ད་ཆའི་ཡབ་མདའ་ཤང་གི་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་ལ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོབ་པ་དང་། ས་གནས་དེ་གའི་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་པ། ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཐུབ་ཡོད། གྲོང་མིའི“ཤ་ཚལ་སྒོང”གསུམ་ཕུན་སུམ་ཚོགས་སུ་བཏང་བ་དང་ཆབས་ཅིག་ཡུལ་དེ་གའི་མང་ཚོགས་ཀྱི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཆགས་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།