[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གྲོང་སྡོད་རེས་སྐོར་བྱེད་པར“རྒྱུག་མཐུད་དབྱུག་པ”རྩིས་སྤྲོད་ཡག་པོ་བྱེད་དགོས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-12-04

    ཉེ་ཆར། རང་སྐྱོང་ལྗོངས་རྨང་བརྟན་དམངས་ཕན་བྱེད་སྒོའི་གཞུང་དོན་ཁང་གིས་ལྗོངས་ཡོངས་ཀྱི་སྔོན་གཏོད་ལེགས་བརྩོན་དང་རྨང་བརྟན་དམངས་ཕན་བྱེད་སྒོའི་ཁག་བདུན་པ་དང་བརྒྱད་པའི་གྲོང་སྡོད་རེས་སྐོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་བཏང་ནས་ཁག་བརྒྱད་པའི་གྲོང་སྡོད་ལས་དོན་མི་སྣར་ཟླ་12པའི་ཟླ་མཇུག་གོང་དུ་གྲོང་སྡོད་ལེགས་གྲུབ་ཟིན་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། 

    བརྡ་ཐོ་འབྱོར་རྗེས་ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་རྨང་བརྟན་དམངས་ཕན་གྱི“རྒྱུག་མཐུད་དབྱུག་པ”རྩིས་སྤྲོད་བྱེད་པའི་ལས་དོན་བཀོད་སྒྲིག་ཞིབ་ཚགས་དང་མཉམ་ཤུགས་གཅིག་འགྲིལ་གྱིས་སྐུལ་འདེད་བཏང་སྟེ་ལྗོངས་ཡོངས་ཀྱིས་ལས་བྱེད་པའི་གྲོང་སྡོད་ལས་དོན་དེ་རྒྱུན་རྣམ་དང་། ཕུགས་ཕན། དོ་སྙོམས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་མཉམ་ཤུགས་གཅིག་འགྲིལ་གྱིས་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་རྣམས་དེ་བས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུར་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་མངོན་ཡོད་པ་རེད། ཁག་བརྒྱད་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་པའི་འགན་འཁྲི་འཁུར་རྒྱུ་རེད། འོན་ཀྱང་ཁག་གཉིས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་དབར་གྱི་རྩིས་སྤྲོད་རྩིས་ལེན་གྱི་གནད་དོན་དེ་སྣང་མེད་དུ་གཏན་ནས་གཏོང་མི་རུང་། རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གྲོང་སྡོད་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་བློ་ཡིད་ཚིམ་པོ་ཡོང་རྒྱུར་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་རེད། 

    ལས་བྱེད་པ་གྲོང་ཚོར་བཅའ་སྡོད་བྱས་ནས་ལས་དོན་བསྒྲུབ་རྒྱུ་དེ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་སྐལ་བརྒྱར་ཐོན་པའི་ཕན་སྦྱར་ལས་གཞི་དང་། དམངས་སེམས་འདུ་འགོད། རྨང་གཞིའི་ལས་གྲྭ་བཅས་རེད། གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྙིང་རུས་བརྟན་འཁྱོངས་དང་རྒྱུན་སྲིད་ལྷོད་མེད་ངང་མགོ་ཡོད་མཇུག་ཡོད་དང་སྒྲུབ་མཁས་ཐབས་མཁས་ཀྱིས་གྲོང་སྡོད་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་ལྷིང་རང་བཞིན་རྒྱུན་འཁྱོངས་བྱས་ན། གཞི་ནས་བསམ་འདུན་ཡག་པོ་ལྷུན་གྱིས་འགྲུབ་སྲིད། 

    གྲོང་སྡོད་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་པར་གྲོང་སྡོད་ལས་བྱེད་པ་ཚོས“བྱས་འབྲས་ཐོབ་པར་ངས་མི་རྩོད་པའི”འདུ་ཤེས་བརྟན་པོར་བཙུགས་ནས་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་མི་དམངས་ལྟེ་བར་འཛིན་དགོས། ཁག་བདུན་པའི་གྲོང་སྡོད་ལས་དོན་རུ་ཁག་གིས་བཅའ་སྡོད་བྱ་ཡུལ་གྱི་གྲོང་ཚོའི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་དང་། འཕེལ་རྒྱས་ཀྱི་ཉམས་མྱོང་། ལས་དོན་སྤེལ་ཚུལ། མ་དངུལ་བེད་སྤྱོད་སོགས་གནད་དོན་ཆེ་ཆུང་མེད་པར་ཕྱོགས་སྡོམ་བྱས་ཏེ་ཁག་བརྒྱད་པའི་ལས་དོན་རུ་ཁག་ལ་རྩིས་སྤྲོད་བྱེད་དགོས་པ་དང་། ཁག་བརྒྱད་པའི་ལས་དོན་རུ་ཁག་གིས་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་སློབ་སྦྱོང་བྱེད་དགོས་རིགས་ལ་ནན་ཏན་དང་ཁེངས་སྐྱུང་ངང་སློབ་སྦྱོང་ཡག་པོ་བྱས་ནས་གྲོང་ཚོའི་གནས་ཚུལ་དང་མང་ཚོགས་ཀྱི་འདོད་བློ་དང་། སྔོན་ཆད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གི་ལས་དོན་སྤེལ་ཚུལ་གང་མགྱོགས་དང་། ཕྱོགས་ཡོངས། གཏིང་ཟབ་བཅས་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱ་རྒྱུ་ནི་གྲོང་སྡོད་ལས་དོན་ཡག་པོ་སྒྲུབ་པའི“ཁྱིམ་རྒྱུད་ནོར་བུ”ཞིག་རེད། 

    གྲོང་སྡོད་ལས་དོན་གྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་ནི་གསར་དུ་བཅའ་སྡོད་བྱེད་མཁན་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་སྔོན་ཆད་ཀྱི་གྲོང་སྡོད་ལས་དོན་རུ་ཁག་ཁག་གི“བྱས་རྗེས་འགོད་དེབ”དང“ཉམས་མྱོང་འགོད་དེབ” དེ་བཞིན་ཇུས་གཞི་དང་འཆར་འགོད་དེ་དག་གཞིར་འཛིན་པ་ལས་ཡར་རྒྱས་བརྩོན་ལེན་མི་བྱེད་པ་དང་རང་གནས་སུ་སྡོད་པ་ཙམ་མིན་པས། ལས་དོན་གྱི་རྒྱུན་མཐུད་དང་བརྟན་པོ་འགན་ལེན་བྱེད་པའི་རྨང་གཞིའི་ཐོག འཕེལ་རྒྱས་ཀྱི་གནད་དོན་གསར་པར་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱེད་པ་དང་མང་ཚོགས་ཀྱི་རེ་འབོད་གསར་པ་ནན་ཏན་ངང་ཉན་ཏེ་བསམ་ཕྱོགས་གསལ་བཟོ་དང་ཇུས་གཞི་གསར་པ་བཟོས་ནས་བློ་ཁོག་ཆེན་པོས་གསར་འབྱེད་གསར་གཏོད་བྱེད་ཕོད་པ་དང་། དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། ཕན་འབྲས་དངོས་ཐོན་རྒྱུར་འབད་འབུངས་བཅས་བྱས་ཏེ་དུས་རབས་གསར་པའི་རྨང་བརྟན་དམངས་ཕན་གྱི་ལས་དོན་ཁག་སེམས་ཤུགས་ཆེན་པོས་ཡག་པོ་སྒྲུབ་དགོས། དེ་ལྟར་བྱས་ན “ཁྱིམ་རྒྱུད་ནོར་བུ”དེ“ཤེས་ཚད་ངོ་མར”འགྱུར་ཐུབ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།