[ English ] [ 中文 ]
0891-6325020
དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དབུལ་སྒྲོལ་ཐབས་ཇུས་གནད་དུ་སྨིན། འབྱོར་འབྲིང་ལམ་བུ་བདེ་ཞིང་སྙོམས།

    —— ཆབ་མདོ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-01-30

    ཉེ་བའི་ལོ་3རིང་། ཆབ་མདོ་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་བརྒྱབ་སྟེ་བོད་ཤར་རྒྱུད་ཀྱི་བུ་ཕྲུག་ཁྲི་78ཀྱི་སྣེ་ཁྲིད་དེ་གོམ་སྟབས་བརྟན་པོས་ཕྱུག་འགྱུར་འབྱོར་འབྲིང་ལམ་བུའི་ཐོག་བསྐྱོད་ཡོད་པ་རེད།

    དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་བརྒྱབ་ཚུན། ཆབ་མདོ་གྲོང་ཁྱེར་གྱི་གོང་འོག་ཚང་མས་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་ཡང་དག་དང་། གནད་སྨིན་མཛད་ཇུས་མཐའ་འཁྱོངས། དམངས་འཚོ་མངོན་གསལ་དོད་པོ་ཡོང་བ་གཞི་རྩར་བྱས་ཏེ་མཐའ་མཚམས་སྲ་བརྟན་དང“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས་པ་རེད།

    ཆབ་མདོ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་ཚོགས་འདུ་རིགས་མི་འདྲ་བ་ཐེངས་106འཚོགས་ནས《དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བྱེད་པའི་ཆབ་མདོ་གྲོང་ཁྱེར་གྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི“རིམ་བཞིའི་ཧྲུའུ་ཅིས”མཉམ་དུ་དམ་འཛིན་བྱས་པ་རེད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏང་སྲིད“འགོ་ཁྲིད་ཨང་དང་པོའི”དབུལ་སྒྲོལ་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་རིམ་པ་བཞིན་དམིགས་ཚད་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་པ་དང་རིམ་པ་བཞིན་འགན་འཁྲི་ནན་དུ་བཏང་བ་རེད། གཞན་ཡང་ད་དུང་ཁ་གཏད་བོད་སྐྱོར་དང་། གནས་གཏན་འཁེལ་གྱི་དབུལ་སྐྱོར། ལས་བྱེད་པ་ཆ་སྒྲིག་སོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་ཚན་པ་82ཀྱིས་རོགས་སྐྱོར་ཚོགས་པ་11བཙུགས་ནས་རྫོང་དང་ཆུས་ཁག་ཏུ་ཚོགས་སྒྲིག་རོགས་སྐྱོར་བྱས་པ་དང་། ལས་བྱེད་པ་ཁྲི་2.69དང་ཆབ་མདོར་བཅའ་སྡོད་ཁེ་ལས་ཀྱིས་དུད་ཚང་དབུལ་པོ་ཁྲི་3.46ལ་ཆ་སྒྲིག་རོགས་སྐྱོར་བྱས་པས་རོགས་སྐྱོར་ཕྱོགས་ཡོངས་ལ་ཁྱབ་ནས་གྲོང་ཁྱེར་ཡོངས་སུ“ཕྱོགས་མང་གཞི་གཅིག”གི་དབུལ་སྐྱོར་ཆེན་པོའི་རྣམ་པ་ཞིག་བཏོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར“འབྲེལ་བ་མེད་མཁན”མེད་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཡོད་པ་རེད།

    “དེ་སྔ་ང་ཚོ་གཙང་འགྲམ་གྱི་སྡོད་ཁང་གོག་ཧྲུལ་ནང་སྡོད་ཀྱི་ཡོད་པས་གནམ་དྭངས་དུས་ཐལ་རྡུལ་གྱིས་ཁེངས་པ་དང་ཆར་པ་འབབ་སྐབས་ཐིགས་པ་རྒྱག་གི་ཡོད་པས་ད་ཆའི་འཚོ་བ་དང་བསྡུར་ཐབས་གཏན་ནས་མེད། གལ་སྲིད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་མེད་ཚེ་ངའི་མི་ཚེ་འདིར་ད་ཆ་ལྟ་བུའི་འཚོ་བ་སྐྱེལ་ཐབས་བྲལ”ཅེས་སྨི་ངོས་གྲུ་བརྒྱ་ལྷག་ཙམ་གྱི་སྡོད་ཁང་གསར་པའི་ནང་སྟེང་ཆེན་རྫོང་གྱང་སྔོན་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱིས་དགའ་སྤྲོའི་ངང་བཤད། སྒྲོལ་དཀར་དང་འདྲ་བར་ཆབ་མདོ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བརྒྱུད། རྒྱ་ཆེ་ལ་དཀར་ཆ་དོད་པའི་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པའི་ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོ་ཁྲི་9ཙམ་ཡོད་པ་དང་། ཁོང་ཚོའི་སྡོད་ཁང་གསར་པར་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་དང་ཚན་རིག་དང་། སློབ་གསོ། རིག་གནས། འཕྲོད་བསྟེན། འགན་ལེན་བཅས“མཐོར་གཏོང་རྣམ་གྲངས་བཅུ”ཡི་འདུ་འགོད་ཚང་མ་དོན་འཁྱོལ་བྱས་ཡོད་པ་རེད།

    འོད་ཤུགས་དབུལ་སྐྱོར་དང་། དྲ་ཐོག་ཚོང་ལས་ཀྱི་དབུལ་སྐྱོར། གྲོང་གསེབ་ཡུལ་སྐོར་གྱི་དབུལ་སྐྱོར། ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་ཀྱི་དབུལ་སྐྱོར་སོགས་ཀྱི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཆར་རྗེས་མྱུ་གུ་འབུས་པ་བཞིན་ཐོན་ཡོད། གྲོང་ཁྱེར་ཡོངས་ཀྱི“གསོ་ཚགས་རྟེན་གཞི་ཆེན་པོ་ལྔའི”གསོ་ཚགས་ཀྱི་གཞི་ཁྱོན་ཕྱུགས་རིགས་མགོ་གྲངས་ཁྲི་42དང“འདེབས་འཛུགས་རྟེན་གཞིའི”འདེབས་འཛུགས་གཞི་ཁྱོན་མུའུ་ཁྲི་27.2ཟིན་ཡོད། ཐོན་ལས་དབུལ་སྐྱོར་ལས་འཕོ་འགྱུར་ཆེན་པོ་བྱུང་བ་དང་ཆབས་ཅིག ཆབ་མདོ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཤུགས་ཆེར་གཏོང་བ་དང་། སྤྱི་ཚོགས་ཀྱི་དམངས་འཚོ་ལེགས་སུ་གཏོང་བ། ཕུགས་ཕན་ལམ་སྲོལ་འཛུགས་པ་སོགས་ཀྱི་ཐད་ཤུགས་བརྒྱབ་སྟེ་དུད་ཚང་དབུལ་པོའི་འཚོ་བར་ཕྱོགས་ཡོངས་ནས་འགྱུར་ལྡོག་བཏང་ཡོད།

    དུད་ཚང་དབུལ་པོ་དཀའ་གནད་ལས་སྒྲོལ་བའི་ནུས་པ་ལྡན་པ་བྱས་ཏེ“རང་བརྟེན”ནུས་པ་ཆེ་རུ་གཏོང་ཆེད། ཆབ་མདོ་གྲོང་ཁྱེར་གྱིས་ལས་ཞུགས་གཞན་སྒྱུར་དང་སློབ་གསོ་འཕེལ་རྒྱས་གཏོང་རྒྱུའི་ཐད“ཕར་ཆིན་རྒྱག་པའི་སྙིང་སྟོབས”སྤྱད་ཡོད། རྩལ་ནུས་གསོ་སྦྱོང་གནད་སྨིན་ངང་བྱེད་པ་དང་། ངལ་ནུས་སྦྲེལ་མཐུད་གནད་སྨིན་ངང་ལག་ལེན་བསྟར་བ། ལས་གཏོད་ལས་སྟེགས་གནད་སྨིན་ངང་བཏོད་པ་བཅས་བྱས་ཡོད། སློབ་གསོའི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་དང་། འཚོ་བཅུད་ལེགས་གཏོང་གི་འཆར་གཞི། ཡིག་ཚགས་དང་གཱ་བཟོས་པའི(གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་ཚུད་པ)ཁྱིམ་ཚང་དབུལ་པོའི་སློབ་མའི“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱས་པས་མང་ཚོགས་ཀྱི“སྒུག་རྟེན་སློང”གསུམ་གྱི་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ཁ་རུབ་ཆུས་རུ་བཞི་ཤང་གི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བློ་བཟང་ཆོག་ཤེས་དང་ཁོང་གི་བཟའ་ཟླར་ནད་གཞི་ལྕི་པོ་ཕོག་ཡོད་སྟབས་ལོ་ལྟར་གྱི་སྨན་རིན་ཁོ་ནས་ཁྱིམ་ཚང་དབུལ་བའི་ཁོང་ལ་མུ་གེའི་སྟེང་གི་ཟླ་ལྷག་ཅེས་པའི་དཔེ་ལྟར་དཀའ་ངལ་ཆེན་པོ་བཟོས་ཡོད། དབུལ་སྒྲོལ་འགག་སྒྲོལ་ལས་དོན་སྤེལ་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་མཐའ་ཚད་བླང་བྱར་བརྩིས་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་གཙོ་བོར་བྱེད་པ་དང་། སྨན་བཅོས་རོགས་སྐྱོབ་དང་། གནས་སྐབས་རོགས་སྐྱོབ། སློབ་གསོའི་རོགས་སྐྱོབ་བཅས་གཞོགས་འདེགས་སུ་བྱེད་པ། དགེ་སྒྲུབ་སོགས་སྤྱི་ཚོགས་རོགས་སྐྱོབ་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་པ་དང་། ཁ་གསབ་ཚད་གཞི་རིམ་གྱིས་མཐོ་རུ་གཏོང་བ། མ་མཐའི་འཚོ་བའི་འགན་ལེན་གྱི་དངུལ་དུས་ཐོག་ཏུ་སྤྲོད་པ་བཅས་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་ཀྲི་པུའུ་ཡིས་ཀྱང་ཁོང་ཚོའི་ཁྱིམ་གྱིས་བཏབ་པའི་ཙོང་འཚོང་རོགས་བྱས་པས་བློ་བཟང་ཆོག་ཤེས་ཁྱིམ་གྱི་འཚོ་བ་ལེགས་སུ་ཕྱིན་ཡོད།

    “བྱ་ཐབས་དངོས”རེ་རེ་སྤེལ་བ་ལས་མི་རྣམས་ཀྱི་ངོ་གདོང་ནས་འཛུམ་མདངས་འཕྱུར། འཆར་གཞི་བཀོད་ཟིན་པས། མིག་མཐོང་ལག་འཛིན་དང་། རྒྱུན་མཐུད་ཐུབ་པའི་དབུལ་སྐྱོར་ཕན་འབྲས་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད་ལ། ཆབ་མདོ་གྲོང་ཁྱེར་གྱིས་དབུལ་སྒྲོལ་སྟོབས་ཤུགས་ཆེན་པོ་ཞིག་རྒྱུན་ཆད་མེད་པར་གཅིག་འདུས་བྱེད་བཞིན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་ལམ་བུའི་ཐོག་འབད་འབུངས་མདུན་སྐྱོད་བྱེད་བཞིན་ཡོད།

    0209bt1_s.jpg

    འདི་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་གིས་དམག་དཔུང་རྣམ་པ་དང་འཛུཌ་སྐྲུན་ཨར་ལས་ཟུང་འབྲེལ་གྱི་རྩལ་ནུས་གསོ་སྦྱོང་བྱེད་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།